ཨོ་ལིམ་པིག་བརྒྱུད་རྒྱ་ནག་ནང་ཐོབ་ཐང་འདྲ་མཉམ་ཡོང་བའི་རེ་བ།
རྒྱ་ནག་ནང་ཁོར་ཡུག་དང་དབང་པོ་སྐྱོན་ཅན་སོགས་ལ་ཐོབ་ཐང་འདྲ་མཉམ་ཡོང་རྒྱུར་ཨོ་ལིམ་པིག་བརྒྱུད་ཕྲན་བུ་ཡར་རྒྱས་ཡོང་བའི་རེ་བ་ཡོད་པ་རེད་
-
2008-08-16 -
-
-
༄༅༎རྒྱ་ནག་གི་སྤྱི་ཚོགས་ལ་ཕྱི་ལོ་༢༠༠༨ ལོའི་ཨོ་ལིམ་པིག་རྩེད་འགྲན་གྱི་ཤུགས་རྐྱེན་ཇི་ཐེབས་སྐོར་རྒྱ་ནག་མི་མང་ནང་བསམ་ཚུལ་འདྲ་མིན་ཤོད་མཁན་ཡོད་ཀྱང་ ཁོར་ཡུག་དང་དབང་པོ་སྐྱོན་ཅན་སོགས་ལ་ཐོབ་ཐང་འདྲ་མཉམ་ཡོང་རྒྱུར་ཕྲན་བུ་ཡར་རྒྱས་ཡོང་བའི་རེ་བ་གནང་མཁན་རྒྱ་ནག་མི་མང་འགའ་ཤས་ཡོད་པ་རེད་
ཨོ་ལིམ་པིག་རྩེད་འགྲན་མཇུག་བསྒྲིལ་ཟིན་མཚམས་སུ་རྒྱ་ནག་གི་སྤྱི་ཚོགས་ནང་ཕྱི་གསལ་ནང་གསལ་ཆེ་རུ་འགྲོ་མིན་ད་ལྟ་མངོན་དཔག་བྱེད་དགའ་བ་ཡིན་ཞིང་ རྒྱ་ནག་གཞུང་དང་མི་མང་དབར་འཐབ་རྩོད་ཡོད་མུས་རེད་ཅེས་ཨ་རིའི་ནིའུ་ཡོག་གཙུག་ལག་སློབ་གྲ་ཆེན་མོའི་སློབ་དཔོན་ཀུའོ་པིན་དབྱང་གིས་གསུངས་གནང་འདུག
ཨོ་ལིམ་པིག་མགྲོན་བདག་ཡིན་པའི་དབང་གིས་རྒྱ་ནག་གཞུང་གི་གཞུང་འབྲེལ་མ་ཡིན་པའི་ཨ་རིའི་ཁོར་ཡུག་ཚོགས་པ་ཞིག་ལ་ཁོར་ཡུག་ཙང་བཟོའི་ལས་དོན་བྱ་རྒྱུར་བཀའ་འཁྲོལ་སྤྲད་ཡོད་ཅིང་ སྤྱིར་སྟངས་རྒྱ་ནག་གིས་སྟངས་འཛིན་འོག་གི་ལས་གཞི་ཁག་ལས་ མི་མང་གིས་དོན་གཉེར་བྱས་པའི་ལས་འགུལ་རིགས་ལ་རྒྱ་ནག་གཞུང་གིས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད་ ཕྱོགས་མཚུངས་ཟླ་བ་རྗེས་མའི་ནང་དབང་པོ་སྐྱོན་ཅན་གྱི་འཛམ་གླིང་རྩེད་འགྲན་ཡང་པེ་ཅིང་དུ་གནང་གཏན་འཁེལ་བ་ཡོད་པས་རྒྱ་ནག་ནང་ཡོད་པའི་དབང་པོ་སྐྱོན་ཅན་ས་ཡ་བརྒྱད་ཅུ་གྱ་གཅིག་ཙམ་ཡོད་པ་དེ་དག་ལ་དམིགས་བསལ་གོ་སྐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ འོན་ཀྱང་བོད་ཀྱི་གནད་དོན་དང་ འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་དང་ དེ་བཞིན་རྒྱ་ནག་གཞུང་གིས་སྲིད་དབང་གཅིག་སྡུད་འོག་གནས་པའི་བྱང་ཀོ་རི་ཡ་དང་ སུ་ཌའན་ དང་ ཛིམ་སྦབ་ལྦེ་ འབར་མའི་དྲག་པོའི་སྲིད་གཞུང་བཅས་ལ་ངན་པ་རྒྱབ་ལངས་ཀྱི་ལས་དོན་བྱེད་བཞིན་པར་བསྒྱུར་བ་ཆེ་བ་ཡོང་བཟོ་མེད་ལུགས་གསུངས་མཁན་རིགས་གཅིག་ཡོད་པ་རེད།