ཧོང་ཀོང་དུ་མི་མང་ཆིག་སྟོང་ལྷག་ནས་རྒྱ་ནག་ལ་ངོ་རྒོལ།

ཧོང་ཀོང་མི་ཆིག་སྟོང་ཙམ་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་ལ་ཨཡེ་ལྦེ་ལྦེ་གློད་འགྲོལ་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

༄༅༎རྒྱ་ནག་གཞུང་གིས་གཟའ་འཁོར་འགའ་ཤས་སྔོན་འཛིན་བཟུང་བྱས་པའི་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་ཨཡེ་ལྦེ་ལྦེ་ གློད་འགྲོལ་དགོས་རྒྱུར། གཟའ་སྤེན་པའི་ཉིན་ཧོང་ཀོང་མི་ཆིག་སྟོང་ཙམ་འདུ་འཛོམས་ཀྱིས་སྐད་ཅོར་ཆེ་བའི་ངོ་རྒོལ་ཁྲོམ་བསྐོར་གྱི་ལས་འགུལ་ཞིག་སྤེལ་འདུག

ངོ་རྒོལ་ཁྲོམས་བསྐོར་གྱི་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་མང་ཆེ་བ་སྒྱུ་རྩལ་བའི་མི་སྣ་ཡིན་པ་དང་། ཁོང་ཚོས་ལག་ཏུ་འཕྲད་དར་སྣ་ཚོགས་འཁྱེར་ཞིང་། རོལ་མོའི་སྒྲ་དབྱངས་ཤུགས་ཆེ་སྒྲགས་ཏེ། ཧོང་ཀོང་གྲོང་ཁྱེར་གྱི་ཚིམ་ཧྲ་ཚུ་ Tsim Sha Tsui ཁུལ་གྱི་གཞུང་ལམ་ཐོག་ཐོན་པ་དང་། ཨཡེ་ལྦེ་ལྦེ་གློད་གྲོལ་དགོས། བདེན་པ་ནི་ཁྲིམས་འགལ་མིན་ཞེས་པའི་འབོད་ཚིག་ཤུགས་ཆེ་བསྒྲགས་ཡོད་འདུག

ཚོུད་གཉིས་རིང་ངོ་རྒོལ་ཁྲོམ་བསྐོར་གྱི་ལས་འགུལ་དེ་སྤེལ་བའི་སྐབས། ཉེན་རྟོག་མི་སྣས་ཁྲོམ་བསྐོར་བ་ཚོར་ལམ་སྣེ་ཐུང་བ་ཞིག་ནས་འགྲོ་དགོས་པའི་བཀའ་རྒྱ་བཏང་ཡང་། ངོ་རྒོལ་བ་ཚོས་མ་ཉན་པར་སྔོན་ནས་ཆོག་ཆན་ཐོབ་པའི་ལམ་སྣེ་རིང་བ་དེ་རང་གི་ཐོག་བསྐྱོད་རྒྱུ་ཨུ་ཚུགས་བྱས་ཅིང་། ཉེན་རྟོག་པ་དང་ངོ་རྒོལ་བ་ཚོའི་དབར་འཕྲན་བུ་གདོང་ཐུག་བྱུང་ཡོད་འདུག་ཀྱང་། མཐར་ཉེན་རྟོག་པས་ངོ་རྒོལ་བ་ཚོའི་འདོད་པར་བསྟུན་སྟབས་དུས་ཟིངས་ཆེ་བའི་གནས་ཚུལ་གང་ཡང་བྱུང་མེད་པ་རེད།

ངོ་རྒོལ་ཁྲོམ་བསྐོར་གྱི་ལས་འགུལ་གོ་སྒྲིག་པའི་མགྲིན་ཚབ་པ་ལུཀ་ཆིང་Luke Chingགིས་གསར་འགོད་པ་ཚོར། ང་ཚོའི་ང་རྒོལ་ཁྲོམ་བསྐོར་གྱི་ལས་འགུལ་འདི་གཙོ་བོ་ ཨཡེ་ལྦེ་ལྦེ་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཡིན་ལ། ང་ཚོས་འཛིན་བཟུང་དོ་དམ་འོག་ཡོད་པ་ ཨཡེ་ལྦེ་ལྦེ་དང་ དེ་མིན་མང་ཚོགས་ཀྱི་བདེ་དོན་འཐབ་རྩོད་པ་ཡོངས་རྫོགས་འཕྲལ་དུ་གློད་འགྲོལ་དགོས་རྒྱུར་དགོས་འདུན་བཏོན་གྱི་ཡོད་ཅེས་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org