ལྕམ་པི་ལོ་སི་ནས་གསུང་འཕྲིན།

ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པི་ལོ་སི་མཆོག་གིས་གསུམ་བཅུ་དུས་དྲན་ཐེངས་༥༤པའི་ཐོག་གསུང་འཕྲིན་གནང་ཡོད་པ།

ཨ་རིའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པི་ལོ་སི་མཆོག ཨེ་ཨེཕ་པི།

༄༅༎ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་དབུ་ཁྲིད་ལྕམ་ ནེན་སི་ པི་ལོ་སི་ མཆོག་གིས་ གསུམ་བཅུའི་དུས་དྲན་ཏེ་བོད་མིའི་རང་དབང་སྒེར་ལངས་གནང་ནས་ལོ་ངོ་ལྔ་བཅུ་ང་བཞི་འཁོར་བའི་དུས་དྲན་ཐོག་གསུང་འཕྲིན་ཞིག་གནང་བའི་ནང༌། དེ་རིང་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་འདིར།    ང་ཚོས་ཆོས་དད་རང་དབང་དང་།    འགྲོ་བ་མིའི་ཐོབ་ཐང་དོན་དུ་རང་སྲོག་ཤོར་བའི་སྙིང་སྟོབས་ཅན་གྱི་བོད་མི་རྣམས་ལ་ཆེ་བསྟོད་ཞུ་བཞིན་ཡོད།    དེང་བོད་ནང་རྒྱ་ནག་གཞུང་གིས་དམག་མི་ཇེ་མང་དུ་གཏོང་བཞིན་པ་དང༌། བོད་མིས་རང་ལུས་མེར་སྲེག་གི་ངོ་རྒོལ་མུ་མཐུད་གནང་བཞིན་པའི་དབང་གིས་བོད་ཀྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་རེད་ཅེས་དང་།    རྒྱ་ནག་གཞུང་གིས་བོད་མིའི་དངོས་ཡོད་སྡུག་བསྔལ་ལ་བསམ་ཞིབ་གནང་རན་ཐག་ཆོད་ཡོད་པས་བསམ་ཞིབ་བྱེད་དགོས་པ་དང༌།    ཆོས་སྤྱོད་བྱ་བར་དྲག་གནོན་མཚམས་འཇོག་གནང་དགོས་ཡོད་ཅེས་དང་།    ངོས་རང་དེ་རིང་སྤོབས་པ་སྐྱེས་འོས་པ་ཞིག་ནི།    ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོོན་ ཀེ་རི་ དང་།    སྲིད་འཛིན་གྱི་ལྕམ་ མི་ཤལ་ ཨོ་སྦ་མ་ རྣམ་གཉིས་ཀྱིས་ཕྱི་ལོ་༢༠༡༣་ལོའི་རྒྱལ་སྤྱིའི་སྙིང་སྟོབས་ཀྱི་གཟེངས་རྟགས་དེ། བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སུ་ཕུལ་ཡོད་ཅིང་།    དེ་ནི་འོད་ཟེར་ལགས་ཀྱིས་སྙིང་སྟོབས་ཞུམ་པ་མེད་པར་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཐེར་འདོན་གནང་བ་དང༌།    དུས་མཚུངས་འགྲོ་བ་མིའི་ཐོབ་ཐང་དང་།    ཁྲིམས་ལུགས་དབང་བསྒྱུར་འབྱུང་ཐབས་སུ་བོད་རིགས་དང་རྒྱ་ཧན་མི་རིགས་གཉིས་ཀས་གདུང་སེམས་མཉམ་སྐྱེད་གོང་འཕེལ་གཏོང་རྒྱུར་འབད་པ་ཆེན་པོ་གནང་མུས་བཅས་ཀྱི་ལས་དོན་ལ་གཟེངས་རྟགས་ཕུལ་བ་རེད་ཅེས་དང༌།    བོད་རིགས་ཚེ་རིང་འོད་ཟེར་ལགས་གཟེངས་རྟགས་བཞེས་མིའི་ཁོངས་སུ་བདམས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱལ་སྤྱིའི་ཐུགས་འཚབ་ཆེན་པོ་ཡོད་པའི་བརྡ་ལན་གསལ་པོ་བཏང་བ་རེད་ཅེས་དང༌།བོད་མིའི་རྩ་དོན་ནི།    འཛམ་གླིང་རྣམ་དཔྱོད་ལ་གདོང་ལེན་བྱ་དགོས་པའི་གནད་དོན་ཞིག་ཏུ་གནས་མུས་ཡིན་པ་དང༌།    ང་ཚོས་༧གོང་ས་ཏྭ་ལའི་བླ་མ་མཆོག་གིས་ལམ་སྟོན་ལ་དོ་སྣང་བྱེད་དགོས་པ་དང༌། ང་ཚོས་བོད་མི་རིགས་དང་བོད་མིའི་འཐབ་རྩོད་ནམ་ཡང་བརྗེད་མི་རུང་བ་ཡིན་ཞེས་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་དབུ་ཁྲིད་ལྕམ་ ནེན་སི་ པི་ལོ་སི་ མཆོག་གིས་གསུམ་བཅུའི་དུས་དྲན་ཏེ་བོད་མིའི་རང་དབང་སྒེར་ལངས་གནང་ནས་ལོ་ངོ་ལྔ་བཅུ་ང་བཞི་འཁོར་བའི་དུས་དྲན་ཐོག་གསུང་འཕྲིན་གནང་བའི་ནང༌འཁོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org