བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་དྲུག་ཅུ་འཁོར་བའི་དུས་ཆེན་སྲུང་བརྩི་གནང་།
2020.09.02

བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཉིན་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་གཉིས་ཀས་འབྱུང་རྒྱུར་གྱི་འོས་བསྡུའི་སྐབས་བོད་མི་ནང་ཁུལ་མཐུན་སྒྲིལ་གྱི་ནུས་པ་ཉམས་ཉེས་གཏོང་བའི་ལས་འགུལ་མི་སྤེལ་རྒྱུའི་འབོད་སྐུལ་གནང་འདུག
ཕྱི་ཟླ་༩་བའི་ཚེས་༢་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་གངས་ཅན་སྐྱིད་གཤོང་དུ། ཕྱི་ལོ་༡༩༦༠་ཐམ་པའི་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་གསར་གཏོད་གནང་སྟེ་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཤིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མིའི་སྤྱི་ཚོགས་ནང་གི་མང་གཙོ་ནི་མང་ཚོགས་ནས་འཐབ་རྩོད་བྱས་ནས་རྔུལ་ཁྲག་གི་འགྲོ་གྲོན་ཕྲ་མོ་ཙམ་ཡང་བཏང་མ་དགོས་པར། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་གསོལ་བསྩལ་གནང་བ་ཞིག་ཡིན་པ་དང་། ང་ཚོའི་ཐོུང་མ་ཡིན་པའི་མང་གཙོའི་ལམ་སྲོལ་འདིར་ཡིད་སྨོན་བྱེད་མཁན་མང་པོ་ཡོད་པ་གསུངས་པ་དང་ཆབས་ཅིག། བོད་མི་རང་ཉིད་ནས་ལམ་ལུགས་འདིར་གཅེས་སྐྱོང་བྱེད་དགོས་པ་གསུངས་ཡོད་པ་རེད། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕྱི་ལོ་༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བའི་བོད་ཀྱི་ཡུལ་མི་རྣམས་ཀྱིས་མང་གཙོའི་འགན་དབང་ལོངས་སྤྱོད་ཚད་ལྡན་ཡོང་ཐབས་སུ། ཆོལ་ཁ་ཆོས་བརྒྱུད་ཕན་ཚུན་གྱི་མཐུན་སྒྲིལ་ལ་དོ་ཕོག་འགྲོ་གཞི་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་འཁྲུག་གཞི། དེ་བཞིན་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ཉམས་དམས་སུ་འགྲོ་གཞི་བཅས་ཀྱི་བྱ་བ་རྩོམ་མི་རུང་བ་ནན་སྐུལ་གནང་འདུག
ཡང་ཉེ་ཆར་ཕྱི་ཟླ་ ༨ ་ཚེས་ ༢༨ ་ནས་ ༢༩ ་བར་པེ་ཅིང་དུ་ཚོགས་པའི་རྒྱ་ནག་དབུས་གཞུང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཚོགས་རྗེས། རྒྱ་ནག་གི་འགོ་འཁྲིད་ཚོའི་གཏམ་བཤད་དེ་དག་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྣམ་པ་སྟོན་བྱེད་ཙམ་དང་། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ལག་ཆ་ཞིག་ཏུ་གྱུར་ཡོད་པ་མངོན་གསལ་དོད་པོ་ཡིན་པའི་སྐྱོན་བརྗོད་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང་སྲིད་ཞུའི་ལས་བྱེད་པ་རྣམ་པ་འདུ་འཛོམས་ཐོག་སྲུང་བརྩི་ཞུས་པའི་བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་གྱི་མཛད་སྒོ་དེའི་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་མིའི་མང་གཙོའི་ལམ་ལུགས་འདིའི་ནང་། ༧གོང་ས་མཆོག་གིས་བསྒྱུར་བཅོས་སྣེ་མང་ཞིག་མཛད་པའི་ཁོངས་ནས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ནས་འགན་འཁུར་དགོས་པ་བསྐྱར་བཅོས་མཛད་པ་སོགས་ནི། བརྗེད་ཐབས་མེད་པའི་རླབས་ཆེན་གྱི་དགོངས་གཞི་ཞིག་རེད་ཅེས་དང་། བོད་མི་ཚོས་མང་གཙོའི་ཁེ་དབང་ལོངས་སྤྱོད་ཀྱིས། མ་འོངས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆ་ཤས་ལེན་རྒྱུ་གལ་ཆེན་ཡིན་པ་དང་། ལྷག་པར་འོས་བསྡུ་དང་འབྲེལ་བའི་ལམ་སྟོན་གནང་བ་ཁག་ལ་ཐུགས་སྣང་གིས། འདས་པའི་ཉམས་མྱོང་གཞི་ལ་བཞག་ནས་སོ་སོའི་འོས་ཤོག་དེ་རྣམ་དཔྱོད་ལྡན་པའི་ངང་ནས་བོད་མིའི་འགོ་འཁྲིད་གནང་ཐུབ་པའི་སྲིད་སྐྱོང་དང་། བོད་མིའི་ངོ་ཚབ་མཚོན་པའི་སྤྱི་འཐུས་རྣམས་འཕྱུག་པ་མེད་པར་བདམ་དགོས་པའི་འབོད་སྐུལ་དང་འབྲེལ། སྤྱི་ཚོགས་དྲྭ་ལམ་བེད་སྤྱོད་ལོག་པར་བཏང་ནས་འཆལ་གཏམ་དང་དཀྲུག་ཤིང་སོགས་བོད་མིའི་ཆིག་སྒྲིལ་ལ་གནོད་པའི་བྱེད་བབ་ལ་ཡིད་གཟབ་དགོས་བའི་སྐུལ་མ་ཡང་གནང་འདུག
བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་མཆོག་གིས་དགོངས་པ་གཞིར་བཟུང་། ཕྱི་ལོ་ ༡༩༦༠ ་ཐམ་པ་ཕྱི་ཟླ་ ༩ ་ཚེས་ ༢ ་ཉིན་བོད་ཀྱི་ས་ཁུལ་ཡོངས་རྫོགས་དང་ཆོས་བརྒྱུད་ཁག་མཚོན་པའི་སྐུ་ཚབ་བསྐོ་བཞག་གི་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་ཤིང་། ༡༩༩༠་ཐམ་པའི་ལོར་སྤྱི་འཐུས་ཀྱི་གྲངས་འབོར་སྤར་ཆ་གཏན་འབེབས་མཛད་དེ་སྤྱི་འཐུས་ལྷན་ཚོགས་འདི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་འགྱུར་གནང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་འཛུགས་གནང་མཛད་ཡོད་པ་རེད། སླར་ཡང་ཕྱི་ལོ་ ༢༠༠༡ ་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བཀའ་བློན་ཁྲི་པ་མང་ཚོགས་ནས་ཐད་ཀར་འོས་འདེབས་ཞུ་རྒྱུའི་སྲོལ་གཏོད་མཛད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཞུང་གི་མཛད་དོན་ལས་ཕྱེད་བགྲེས་ཡོལ་དུ་བཞུགས་པའི་ཚུལ་མཛད། ཕྱི་ལོ་ ༢༠༡༡་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ༧གོང་ས་ལྔ་པ་ཆེན་པོའི་སྐབས་ནས་༧རྒྱལ་བ་རིམ་བྱོན་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད་པའི་ལོ་རྒྱུས་ནས་བྱུང་བའི་༧སྐུ་དབང་ཡོངས་རྫོགས་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་སྤོ་བསྒྱུར་མཛད་ཡོད་པ་རེད།