ཧོང་ཀོང་དུ་སངས་རྒྱས་ཀྱི་རིང་བསྲེལ་རིན་བསྡུར་ལམ་ནས་ཚོང་སྒྱུར་བྱ་འཆར་ལ་རྒྱ་གར་གཞུང་གིས་དགག་བྱ་བྱས་རྐྱེན་རིན་བསྡུར་ཚོང་སྒྱུར་ཕྱི་བཤོལ་བྱས་འདུག
ཧོང་ཀོང་དུ་རྒྱ་གར་བྱང་ཕྱོགས་པིབ་ར་བ་ས་གནས་ནས་རྙེད་སོན་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་བསྲེལ་རིན་བསྡུར་ལམ་ནས་ཚོང་སྒྱུར་བྱ་འཆར་ལ་རྒྱ་གར་གཞུང་གིས་དགག་བྱ་བྱས་རྐྱེན། ཟླ་འདིའི་ཚེས་ ༧ ཉིན་འཚོག་གཏན་འཁེལ་བའི་རིན་བསྡུར་ཚོང་སྒྱུར་ཕྱི་བཤོལ་བྱས་འདུག
དེ་ཡང་གཟའ་འཁོར་འདིའི་རེས་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་སོ་ཐེ་བྷེ་(Sotheby's)རིན་བསྡུར་ཚོང་སྒྱུར་ཁང་དུ་ཕྱི་ལོ་ ༡༨༨༩ ལོར་ཨིན་ཇིའི་འཆར་འགོད་པ་ཝི་ལེམ་ཀ་ལག་སོན་པེབ་(William Claxton Pepp)གྱིས་རྒྱ་གར་བྱང་ཕྱོགས་པིབ་ར་བ་ཞེས་པའི་ས་ཚིགས་ནས་ས་གཞི་སྔོག་འདོན་སྐབས་རྙེད་སོན་བྱུང་བའི་སངས་རྒྱས་ཀྱི་རིང་བསྲེལ་ཝི་ལེམ་ཀ་ལག་སོན་གྱི་རྒྱུད་འཛིན་པ་ཚོས་རིན་བསྡུར་ལམ་ནས་ཚོང་སྒྱུར་བྱ་རྒྱུའི་གསལ་བསྒྲགས་སྤེལ་བར། ཟླ་ ༥ ཚེས་ ༦ ཉིན་རྒྱ་གར་གཞུང་གིས་སྐྱོན་བརྗོད་དང་སྦྲགས། སངས་རྒྱས་ཀྱི་རིང་བསྲེལ་དེ་དག་ནི་ཆོས་ཕྱོགས་ཀྱི་རིན་ཐང་ལྡན་ཞིང་། ནང་པའི་དད་ལྡན་པའི་མཆོད་གནས་རྩ་ཆེ་ཞིག་ཡིན་སྟབས། དེ་རིགས་ཚོང་སྒྱུར་བྱེད་པ་ནི་རྒྱ་གར་དང་། རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་པའི་ཁྲིམས་མཐུན་བརྡ་ཐོ་ཞིག་ཚོང་སྒྱུར་ཁང་དང་། དངོས་རྫས་བདག་ཉར་བྱེད་མཁན་ལ་བཏང་ཡོད་པ་མ་ཟད། རིང་བསྲེལ་དེ་དག་རང་གནས་སུ་ཕྱིར་སློག་དགོས་པའི་ཞུ་གཏུག་བྱས་པར། སོ་ཐེ་བྷེ་ཚོང་སྒྱུར་ཁང་གིས་གནས་སྐབས་རིན་བསྡུར་ཚོང་སྒྱུར་ཕྱི་བཤོལ་དང་། དངོས་རྫས་དེ་དག་སོ་ཐེ་བྷེའི་རིན་བསྡུར་ཚོང་ཁང་གི་དྲྭ་རྒྱ་ནས་ཕྱིར་ཐེན་བྱས་ཡོད་པ་རྒྱ་གར་རིག་གཞུང་ལྷན་ཁང་གིས་བསྒྲགས་འདུག
ཕྱི་ཚེས་ ༧ ཉིན་སྤེལ་བའི་རྒྱ་གར་རིག་གཞུང་ལྷན་ཁང་གི་གསར་འགོད་གསལ་བསྒྲགས་དེའི་ནང་། རྒྱ་གར་གཞུང་གིས་ཧོང་ཀོང་དུ་སངས་རྒྱས་ཀྱི་རིང་བསྲེལ་རིན་བསྡུར་ཚོང་སྒྱུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག རྒྱ་གར་རིག་གཞུང་ལྷན་ཁང་དང་། ཕྱི་སྲིད་ལྷན་ཁང་། རྒྱ་གར་གནའ་རྫས་ཞིབ་འཇུག་ལས་ཁུངས་མཉམ་སྦྲེལ་གྱིས་ཧོང་ཀོང་གཞུང་གཙོས་པའི་འབྲེལ་ཡོད་ཁག་ལ་གྲོས་མོལ་དང་། ཁྲིམས་མཐུན་བརྡ་ཐོ་བཏང་བར་ཕྱི་ཚེས་ ༦ ཉིན་ཧོང་ཀོང་དུ་རྟེན་གཞི་བྱས་པའི་སོ་ཐེ་བྷེ་རིན་བསྡུར་ཚོང་སྒྱུར་ཁང་གིས་རིང་བསྲེལ་ཚོང་སྒྱུར་ཕྱིར་བཤོལ་དང་། དེའི་སྐོར་མུ་མཐུད་གྲོས་མོལ་བྱ་འཆར་ཡོད་པའི་བརྡ་ལན་གློག་འཕྲིན་བརྒྱུད་འབྱོར་ཡོད་པ་བསྒྲགས་འདུག
དེ་མ་ཟད་གསལ་བསྒྲགས་ནང་། བརྡ་ལན་འབྱོར་བའི་ཉིན་དེ་རང་གི་སྔ་དྲོ་རྒྱ་གར་རིག་གཞུང་ལྷན་ཁང་གི་དྲུང་ཆེ་དང་དྲུང་འཕར་གཙོས་པའི་མཐོ་རིམ་སྐུ་ཚབ་ཚོགས་ཆུང་ནས་སོ་ཐ་བྷེའི་སྐུ་ཚབ་ལྷན་གྲོས་མོལ་གནང་སྟེ། རིང་བསྲེལ་དེ་དག་ནི་དངོས་རྫས་དཀྱུས་མ་ཞིག་མ་ཡིན་པར། འཛམ་གླིང་ནང་གི་ནང་པ་ས་ཡ་མང་པོས་མཆོད་བཀུར་བྱ་ཡུལ་ཞིག་པ་གསལ་བཤད་དང་། ལྷག་པར་དུ་རིང་བསྲེལ་དེ་དག་ནི་མི་སེར་སྤེལ་ཡུལ་དུས་སྐབས་སུ་རྒྱ་གར་ནས་ཁྱེར་བ་ཞིག་ཡིན་པས། དོན་དངོས་ཐོག་རིང་བསྲེལ་དེ་དག་གི་བདག་དབང་རྒྱ་གར་ལ་ཡོད་པ་ནན་བརྗོད་གནང་ཡོད་པ་གསལ་འདུག
རྩ་བའི་རིང་བསྲེལ་དེ་དག་ཐོག་མར་སྤྱི་ལོའི་སྔོན་གྱི་ལོ་ ༢༤༠-༢༠༠ ཙམ་ལ་སངས་རྒྱས་ཀྱི་སྐུ་ཕུང་བསྲེགས་པའི་ཐལ་བ་འགའ་ཞིག་དང་མཉམ་དུ་བསྲེས་ནས་ད་ལྟའི་རྒྱ་གར་གྱི་ཨུ་ཏར་པྲ་དེཤ་ (Uttar Pradesh) མངའ་སྡེའི་ནང་ཡོད་པའི་པིབ་ར་བ་ (Piprahwa) རུ་མཆོད་རྟེན་ཞིག་ཏུ་སྦས་ཡོད་པ་དང་། ནོར་བུ་རིང་བསྲེལ་དེ་དག་གི་ཁྲོད་དུ་ (amethysts) དང་། བྱུ་རུ། རྡོ་རྒྱུས། མུ་ཏིག ཤེལ་རྡོ། དུང་དཀར། གསེར་བཅས་ཡོད་པ་དེ་དག་དཔྱང་རྒྱན་དང་། སྐེ་རྒྱན་གྱི་རྡོ་སྒྲོམ། དེ་བཞིན་རྒྱན་ཆ་གཞན་དུ་བཟོས་པའམ། ཡང་ན་རང་བྱུང་གི་རྣམ་པར་གནས་འདུག་ལ། རིན་བསྡུར་ཚོང་སྒྱུར་གྱི་ལམ་ནས་ནོར་བུ་རིང་བསྲེལ་དེ་དག་ཧོང་ཀོང་སྒོར་མོ་ས་ཡ་ ༡༠༠ སྟེ། དབྱིན་སྒོར་ས་ཡ་ ༩.༧ ཙམ་ལ་བཙོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད་འདུག །
གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།