ཧོང་ཀོང་དུ་སངས་རྒྱས་ཀྱི་རིང་བསྲེལ་རིན་བསྡུར་ཚོང་སྒྱུར་བྱེད་འཆར་ལ་རྒྱ་གར་གཞུང་གིས་སྐྱོན་བརྗོད་དང་སྦྲགས། རིང་བསྲེལ་རང་གནས་སུ་ཕྱིར་སློག་དགོས་པ་བསྒྲགས་འདུག

2025.05.06
ཧོང་ཀོང་དུ་སངས་རྒྱས་ཀྱི་རིང་བསྲེལ་རིན་བསྡུར་ཚོང་སྒྱུར་བྱེད་འཆར་ལ་རྒྱ་གར་གཞུང་གིས་སྐྱོན་བརྗོད་དང་སྦྲགས། རིང་བསྲེལ་རང་གནས་སུ་ཕྱིར་སློག་དགོས་པ་བསྒྲགས་འདུག པིབ་ར་བའི་སངས་རྒྱས་ཀྱི་རིང་བསྲེལ།
Sotheby's

རྒྱ་གར་གཞུང་གིས་ཧོང་ཀོང་དུ་རིན་བསྡུར་གྱི་ལམ་ནས་རྒྱ་གར་ནས་རྙེད་སོན་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་བསྲེལ་འཚོང་སྒྱུར་བྱེད་བཞིན་པ་དེ་ཁྲིམས་འགལ་ཡིན་པ་མ་ཟད། བྱེད་བབ་འདིས་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་པ་ས་ཡ་ ༥༠༠ ལྷག་གི་སེམས་ཁམས་ལ་དོ་ཕོག་བཏང་ཡོད་སྐོར་གསལ་བའི་ཁྲིམས་མཐུན་བརྡ་ཐོ་ཞིག་བཏང་འདུག

དེ་ཡང་གཟའ་འཁོར་འདིའི་ནང་ཧོང་ཀོང་གི་སོ་ཐེ་བྷེ་(Sotheby's)རིན་བསྡུར་ཚོང་སྒྱུར་ཁང་དུ་ཕྱི་ལོ་ ༡༨༨༩ ལོར་ཨིན་ཇིའི་འཆར་འགོད་པ་ཝི་ལེམ་ཀ་ལག་སོན་པེབ་(William Claxton Pepp)གྱིས་རྒྱ་གར་བྱང་ཕྱོགས་པིབ་ར་བ་ཞེས་པའི་ས་ཚིགས་ནས་ས་གཞི་སྔོག་འདོན་སྐབས་རྙེད་སོན་བྱུང་བའི་སངས་རྒྱས་ཀྱི་རིང་བསྲེལ་རིན་བསྡུར་ལམ་ནས་ཝི་ལེམ་ཀ་ལག་སོན་གྱི་རྒྱུད་འཛིན་པ་ཚོས་ཚོང་སྒྱུར་བྱེད་བཞིན་ཡོད་པར། ནང་པ་གཙོས་པའི་མི་སྣ་མང་པོས་སྐྱོན་བརྗོད་བྱེད་པ་མ་ཟད། ཟླ་ ༥ ཚེས་ ༦ ཉིན་རྒྱ་གར་རིག་གཞུང་ལྷན་ཁང་གིས། སངས་རྒྱས་ཀྱི་རིང་བསྲེལ་རིན་བསྡུར་ལམ་གྱི་ཚོང་སྒྱུར་བྱེད་པ་དེ་ནི། རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ལུགས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་ཡིག་གི་འགལ་ཟླར་གྱུར་ཡོད་པས། གནའ་བོའི་སངས་རྒྱས་ཀྱི་རིང་བསྲེལ་དེ་དག་སྲུང་སྐྱོབ་དང་མཆོད་འབུལ་ཆེད་དུ་རྒྱ་གར་ལ་ཕྱིར་སློག་དགོས་པའི་དགོས་འདུན་བཏོན་ཡོད་འདུག་ལ། དེ་བཞིན་རིག་གཞུང་ལྷན་ཁང་གིས་གསུངས་པ་ལྟར་ན། ཕྱི་ལོ་ ༡༨༩༨ ལོར་པིབ་ར་བ་ (Piprahwa) མཆོད་རྟེན་སྔོག་འདོན་བརྒྱུད་རྙེད་སོན་བྱུང་བའི་རིང་བསྲེལ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་སྐུ་དངོས་དང་འབྲེལ་བ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པས། ལོ་རྒྱུས་དང་ཆོས་ཕྱོགས་ཐོག་ནས་གལ་གནད་ཧ་ཅང་ཆེན་པོ་ཡིན་པ་བསྒྲགས་འདུག

རྒྱ་གར་རིག་གཞུང་ལྷན་ཁང་གིས་ཁྲིམས་མཐུན་བརྡ་ཐོ་དེ་བཞིན་ཧོང་ཀོང་གི་རིན་སྡུར་ཚོང་སྒྱུར་ཁང་སེ་ཐི་བྷེ་(Sotheby's) དང་། ཝི་ལེམ་ཀ་ལག་སོན་པེབ་(William Claxton Peppé) ཀྱི་རྒྱུད་འཛིན་པ་གསུམ་ལས་ཀྲཱྀས་པེབ་པེ་ (Chris Peppé) ལ་བཏང་འདུག

རིང་བསྲེལ་རིན་བསྡུར་ཚོང་སྒྱུར་དེ་བཞིན་དེ་བཞིན་ཟླ་ ༥ ཚེས་ ༧ ཉིན་འཚོག་འཆར་ཡོད་པ་དང་། དེ་དག་ཧོང་ཀོང་སྒོར་མོ་ས་ཡ་ ༡༠༠ སྟེ། དབྱིན་སྒོར་ས་ཡ་ ༩.༧ ཙམ་ལ་བཙོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད་འདུག

2400 (1).jpg
པིབ་ར་ར་བའི་སངས་རྒྱས་ཀྱི་རིང་བསྲེལ། (Sotheby's)

རྒྱ་གར་རིག་གཞུང་ལྷན་ཁང་གིས་འདི་ཚེས་ ༦ ཉིན་སྤེལ་བའི་བརྡ་ཐོ་དེའི་ནང་(Los Angeles) བཅའ་སྡོད་བརྙན་འཕྲིན་འཁྲབ་ཁྲིད་པ་དང་གློག་བརྙན་རྩོམ་སྒྲིག་པ་ (Peppé) ལ་རིང་བསྲེལ་འདི་དག་བཙོང་རྒྱུའི་དབང་ཆ་མེད་ཅིང་། སོ་ཐི་བྷི་(Sotheby's) ཡིས་རིང་བསྲེལ་དེ་དག་རིན་སྡུར་ཚོང་སྒྱུར་བྱེད་པ་ནི་མི་སེར་སྤེལ་ཡུལ་གྱི་བཤུ་གཞོག་ནང་མུ་མཐུད་མཉམ་ཞུགས་དང་རྒྱབ་སྐྱོར་བྱས་པ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཡིན་ཞེས་ནན་བརྗོད་དང་སྦྲགས། རིན་བསྡུར་ཚོང་སྒྱུར་འཕྲལ་དུ་མཚམས་འཇོག་གིས་རིང་བསྲེལ་རང་གནས་སུ་ཕྱིར་སློག་དགོས་པ་བསྒྲགས་འདུག 

དེ་མ་ཟད་བརྡ་ཐོའི་ནང་རྒྱ་གར་གཞུང་གིས་སོ་ཐི་བྷི་(Sotheby)  དང་ཀྲཱྀས་པེབ་ (Chris Peppé) གཉིས་ཀྱིས་རྒྱ་གར་གཞུང་དང་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་པ་རྣམས་ལ་དགོངས་སེལ་ཞུ་དགོས་པ་དང་། (William Peppé) ཡི་རྒྱུད་འཛིན་པ་ཚོའི་བདག་ཏུ་ཡོད་པའམ་གཞན་ལ་རྩིས་སྤྲོད་ཟིན་པའི་རིང་བསྲེལ་དངོས་རྫས་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་དགོས་ཤིང་། གལ་ཏེ་དེ་ལྟར་ལག་བསྟར་མ་བྱས་ཚེ་རྒྱ་གར་དང་ཧོང་ཀོང་གི་ཁྲིམས་ཁང་དང་རྒྱལ་སྤྱིའི་སྒྲིག་འཛུགས་བརྒྱུད། རིག་གཞུང་ཤུལ་བཞག་གི་ཁྲིམས་ལུགས་རྡོག་རོལ་བཏང་བའི་ཉེས་འཛུགས་འོག་ཁྲིམས་གཏུག་བྱ་རྒྱུའི་ཉེན་བརྡ་བཏང་འདུག

རྩ་བའི་རིང་བསྲེལ་དེ་དག་ཐོག་མར་སྤྱི་ལོའི་སྔོན་གྱི་ལོ་ ༢༤༠-༢༠༠ ཙམ་ལ་སངས་རྒྱས་ཀྱི་སྐུ་ཕུང་བསྲེགས་པའི་ཐལ་བ་འགའ་ཞིག་དང་མཉམ་དུ་བསྲེས་ནས་ད་ལྟའི་རྒྱ་གར་གྱི་ཨུ་ཏར་པྲ་དེཤ་ (Uttar Pradesh) མངའ་སྡེའི་ནང་ཡོད་པའི་པིབ་ར་བ་ (Piprahwa) རུ་མཆོད་རྟེན་ཞིག་ཏུ་སྦས་ཡོད་པ་དང་། ནོར་བུ་རིང་བསྲེལ་དེ་དག་གི་ཁྲོད་དུ་ (amethysts) དང་། བྱུ་རུ། རྡོ་རྒྱུས། མུ་ཏིག ཤེལ་རྡོ། དུང་དཀར། གསེར་བཅས་ཡོད་པ་དེ་དག་དཔྱང་རྒྱན་དང་། སྐེ་རྒྱན་གྱི་རྡོ་སྒྲོམ། དེ་བཞིན་རྒྱན་ཆ་གཞན་དུ་བཟོས་པའམ། ཡང་ན་རང་བྱུང་གི་རྣམ་པར་གནས་ཡོད་པ་རེད་འདུག ། 

གསར་འགོད་པ། རྡོ་རྗེ་སྒྲོལ་མ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎