རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
ཟླ་ ༥ ཚེས་ ༥ ཉིན་འགྲོ་བ་མའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་སྒྲིག་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་གསེར་བྲག་གྲོང་རྡལ་ནས་ཡིན་པའི་སྐལ་བཟང་ལགས་ཀྱིས། རྒྱ་ནག་གཞུང་ནས་ཁོང་གི་ཁྱིམ་ཚང་ལ་ལོ་ངོ་དགུ་ཙམ་རིང་ཆུ་དང་གློག་གི་མཐུན་རྐྱེན་བཀག་སྡོམ་བྱས་པའི་གནས་ཚུལ་སོགས་ཀྱི་སྐོར་སྤྱི་ཚོགས་དྲྭ་ལམ་དུ་བརྙན་འདོན་སྤེལ་བྱས་པར། སྤྱི་ཚོགས་ཟིང་དཀྲུག་དང་རྒྱ་གཞུང་ལ་ཉེས་འཛུགས་བྱས་པའི་ཉེས་མིང་འོག་ཁོང་སྟེང་ཆེན་རྫོང་ས་གནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
དེ་ཡང་དེ་སྔ་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གི་གསེར་བྲག་གྲོང་རྡལ་གྱི་ཁྱིམ་ཚང་ཕལ་མོ་ཆེར་ཆུ་དང་གློག་གི་མཐུན་རྐྱེན་འཛུགས་སྐྲུན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྒྲིག་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་གསེར་བྲག་གྲོང་རྡལ་ནས་ཡིན་པའི་སྐལ་བཟང་ལགས་ཀྱིས། གཞུང་ངོས་ནས་དེ་འབྲེལ་གསལ་བཤད་སོགས་གང་ཡང་མེད་པར་སྐལ་བཟང་གི་ཁྱིམ་ཚང་མཐུན་རྐྱེན་དེ་དག་ཕྱིར་འཐེན་བྱས་ཏེ། རྒྱ་ནག་གཞུང་གིས་ལོ་ངོ་དགུ་ལྷག་གི་རིང་སྐལ་བཟང་གི་ཁྱིམ་ཚང་ལ་ཆུ་དང་གློག་སོགས་ཀྱི་མཐུན་རྐྱེན་བཀག་པ་སོགས་འཚོ་བར་དཀའ་ཁག་ཆེན་པོ་འཕྲད་ཡོད་པ་མ་ཟད། སྐལ་བཟང་ལགས་ཀྱིས་ཐེངས་མང་གཞུང་ལ་འབོད་སྐུལ་ཞུས་ཡོད་ཀྱང་། ས་གནས་གཞུང་ནས་ཁོང་ལ་འཇིགས་སྐུལ་དང་། བཀག་ཉར། དེ་བཞིན་ཁོང་གི་ནང་མིའི་འགྲོ་སྡུག་སྤྱོད་གསུམ་ལ་ཡང་བཀག་སྡོམ་དང་དམ་དྲག་ཤུགས་ཆེ་བྱས་ཡོད་པ་རེད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། རྒྱ་ནག་གཞུང་གིས་སྐལ་བཟང་ལགས་ཀྱི་ཁྱིམ་ཚང་ལ་ཆུ་དང་གློག་གི་མཐུན་རྐྱེན་བཀག་སྡོམ་བྱས་ཡོད་པ་དེ་ཡང་། ལོ་རབས་ལྔ་བཅུའི་ནང་ཁོང་གི་སྤོ་བོ་ལགས་ཀྱིས་རྒྱ་དམག་དང་འཐབ་འཛིང་བྱས་ཏེ་ཚེ་སྲོག་ཤོར་ཡོད་པས་གཞུང་ཕྱོགས་ནས་ཁོང་གི་ནང་མིར་དོགས་གཞི་བྱ་ཡུལ་ཞིག་ཆགས་འདུག་ཅིང་། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་གཞི་རྒྱ་ཆེ་བའི་ཞི་རྒོལ་བྱེད་སྐབས་གསེར་བྲག་གྲོང་རྡལ་དུ་རྒྱ་རྒོལ་གྱི་ཡིག་ཆ་བཀྲམ་མཁན་དེ་བཞིན་རྒྱ་ནག་གཞུང་གིས་སྐལ་བཟང་ལ་དོགས་གཞི་བྱས་ཏེ་ཟླ་བ་དྲུག་ཙམ་བཀག་ཉར་བྱས་པ་སོགས་ཀྱི་རྒྱབ་ལྗོངས་ལ་བརྟེན་ནས་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཕྱི་ལོ་ ༢༠༡༦ ནས་ ༢༠༢༥ ལོའི་མགོ་སྟོད་བར་སྐལ་བཟང་གིས་རྫོང་དང་གྲོང་རྡལ་སོགས་སུ་ཡིག་ཐོག་ནས་སྔ་རྗེས་ཞུ་གཏུགས་ཐེངས་ ༥ ཙམ་བྱས་ཡོད་ཀྱང་། གཞུང་ངོས་ནས་ཡང་ལན་གང་ཡང་མེད་བྱས་མེད་པར་སོང་། ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༢༠ ཉིན་སྐལ་བཟང་གིས་ལོ་ངོ་མང་དག་རིང་ཁོང་གི་ཁྱིམ་ཚང་ལ་འཕྲད་པའི་དཀའ་ངལ་དང་འབྲེལ་སྤྱི་ཚོགས་དྲ་ལམ་ཐོག་བརྙན་ཐུང་འདོན་སྤེལ་གནང་བ་དེ་བཞིན། ཁྱབ་གདལ་ཆེན་པོ་ཕྱིན་པར་བརྟེན། ཟླ་ ༣ ཚེས་ ༢༤ ཉིན་སྟེང་ཆེན་རྫོང་ས་གནས་ཉེན་རྟོག་པས་སྐལ་བཟང་ལགས་ནས་སྤྱི་ཚོགས་འཐེན་ཁྱེར་དང་། རྒྱ་ནག་གཞུང་གི་ཆེ་མཐོང་ལ་གནོད་འཚེ་བཟོས་པའི་ཉེས་མིང་འོག་ཉིན་གསུམ་བཀག་ཉར་གྱིས་གློད་བཀྲོལ་བྱས་ཡོད་ཀྱང་། གློད་བཀྲོལ་བྱས་རྗེས་སུའང་ཁོང་དང་ཁོང་གི་ནང་མིར་རྒྱ་ནག་གཞུང་ངོས་ནས་ལྟ་སྲུང་དང་སུན་གཙེར་ཤུགས་ཆེ་དང་། སྐལ་བཟང་ལགས་ཀྱང་ཉེན་རྟོག་ཁང་དུ་ཐེངས་མང་འབོད་འགུག་དང་ཉེས་རྡུང་ཚད་མེད་བཏང་སྟེ། མཐར་སྐལ་བཟང་ལགས་ནས་ཁོང་གིས་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་བའི་བྱ་གཞག་དེ་བཞིན་ཁོང་རང་ཉིད་སྐད་གྲགས་ཡོང་ཆེད་དྲྭ་ཐོག་ཏུ་སྤེལ་བ་ཡིན་པའི་ཁས་ལེན་བྱ་དགོས་བྱུང་ཡོད་འདུག
དེ་རྗེས་རྒྱ་ནག་གཞུང་གིས་ཟླ་ ༤ ཚེས་ ༡༨ ཉིན་སྐལ་བཟང་ལགས་འཛིན་བཟུང་གིས་ད་ལྟའི་ཆར་ས་གནས་རྫོང་གི་ཉེན་རྟོག་ཁང་དུ་བཀག་ཉར་འོག་ཡོད་འདུག ཟླ་ ༤ ཚེས་ ༢༢ དང་ ༢༤ ཉིན་སོ་སོར་ཁོང་གི་ནང་མི་ཉེ་འབྲེལ་རྣམས་ནས་ཁོང་ཐུག་འཕྲད་ཡོང་ཆེད་འབད་བརྩོན་བྱས་འདུག་ཀྱང་། ཐུག་འཕྲད་ཐུབ་མེད་པ་རེད་འདུག
དེ་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་སྐལ་བཟང་ལགས་དང་འབྲེལ་བ་ཟབ་པའི་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་ཡོད་པ་ལྟར་ན། སྐལ་བཟང་ལགས་ཀྱིས་རྒྱ་ནག་གཞུང་ངོས་ནས་འདྲ་མཉམ་གྱི་བལྟ་སྟངས་འཛིན་དགོས་པའི་འབོད་སྐུལ་བྱས་ཡོད་པ་ལས་གཞུང་ལ་སྐྱོན་བརྗོད་གང་ཡང་བྱས་མེད་ཅེས་དང་། ད་ལྟའི་ཆར་སྐལ་བཟང་ལགས་ལ་ཁྲག་ཤེད་ཀྱི་ནད་གཞི་ཡོད་པས་འཕྲོད་བསྟེན་ལ་དཀའ་ངལ་ཡོད་པའི་སེམས་ཁྲལ་གནང་བཞིན་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྙན་ཐོ་དེའི་བརྒྱུད། རྒྱ་ནག་གཞུང་ནས་སྐལ་བཟང་ལགས་ཆ་རྐྱེན་གང་ཡང་མེད་པའི་ཐོད་འཕྲལ་དུ་གློད་བཀྲོལ་དགོས་པ་མ་ཟད། སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་རྒྱུར་འགན་ལེན་དགོས་པའི་འབོད་སྐུལ་དང་སྦྲགས། གཞུང་ཕྱོགས་ནས་ཁོང་གི་ཁྱིམ་ཚང་ནང་ཆུ་དང་གློག་གི་མཐུན་རྐྱེན་སླར་གསོ་དགོས་ཤིང་། དབྱེ་འབྱེད་མེད་པའི་ཐོག་བུ་ཕྲུག་སློབ་གྲྭར་གཏོང་དགོས་པའི་འགན་སྲུང་བྱ་དགོས་པ། རྒྱ་ནག་གཞུང་གིས་ཁོང་གི་ནང་མི་གཙོས་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་བཙན་གནོན་དང་ལྟ་སྲུང་བྱ་རྒྱུ་མཚམས་འཇོག་དགོས་ཞེས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་ལ་ངེས་པར་དུ་ཞིབ་བཤེར་དགོས་པ་བརྗོད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།