༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
ཟླ་ ༥ ཚེས་ ༧ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ། བལ་ཡུལ་ཤང་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་ཁག་གཅིག དེ་བཞིན་ཕག་རི་མི་མང་བཅས་ནས་ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་མཆོག་ནས་མི་ལོ་བཅུ་ཕྲག་དུ་མའི་རིང་བསྟན་པའི་ཞབས་འདེགས་རླབས་ཆེན་གྲུབ་ཡོད་པས་མུ་མཐུད་དེ་ལྟར་གནང་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་པ་དང་སྦྲགས། མགོན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཏེ་རྒྱ་གར་གྱི་མང་ཚོགས་ནས་མགོན་པོ་མཆོག་ལ་འགོ་ཁྲིད་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིས་དགའ་མོས་ཆེན་པོ་གནང་གི་ཡོད་ལ། མགོན་པོ་མཆོག་དང་རྒྱ་གར་གཞུང་མང་གཉིས་ཀྱི་དབར་ཡང་འབྲེལ་བ་དམ་ཟབ་ཡོད་ཅེས་བཀའ་སྩལ་མཛད་སོང་།
ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཐོག་བརྟན་བཞུགས་བསྟར་འབུལ་གནང་མཁན་གྱི་ཚོགས་མི་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་སྟོང་ཚོ་བརྒལ་བ་ཕེབས་ཡོད་འདུག འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་དད་ལྡན་པ་ཁག་གཅིག་ལ་ཐེངས་འདིར་མགོན་པོ་མཆོག་གི་ཞལ་མཇལ་བྱུང་བར་མྱོང་ཚོར་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར། ཁོང་རྣམས་ནས་དགའ་ཚོར་ཆེན་པོས་བསྐལ་པ་བཟང་པོ་དང་བྱིན་རླབས་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག
རྩ་བའི་འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་གོ་སྟོན་དང་བསྟུན། བོད་མིའི་སྒྲིག་འཛུགས་གཙོ་བོར་གྱུར་བའི་ཚོགས་པ་སྐྱིད་སྡུག་མང་དག་ཅིག་ནས་མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད། དེ་ཡང་ཟླ་བ་ ༦ ཚེས་ ༤ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཟླ་བ་ ༦ ཚེས་ ༣༠ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན་བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། དེ་བཞིན་ཟླ་བ་ ༧ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།