བོད་དུ་རྒྱའི་ལོ་གསར་བསུ་བ་ཞུས་ཡོད་པའི་གནས་ཚུལ་འདུག
རྒྱལ་ས་ལྷ་སའི་ནང་གནས་མཇལ་བ་དང་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་བ་ཁག་ཅིག་གིས་རྒྱ་མིའི་ས་གླང་ལོའི་ལོ་གསར་བསུ་བ་ཞུས་པ།
-
2009-01-27 -
-
-
༄༅༎རེས་གཟའ་ཟླ་བའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་དུ་ཆོས་ཀྱི་དྲིལ་བུའི་སྒྲ་དབྱངས་དང་དུག་སྤོས་ཀྱི་དུ་བའི་ཁྲོད་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་བོད་ཀྱི་ས་གནས་གཞན་ནས་གནས་མཇལ་བ་དང་རྒྱ་ནག་ནས་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་བ་ཁག་ཅིག་གིས་རྒྱ་མིའི་ས་གླང་ལོའི་ལོ་གསར་བསུ་བ་ཞུས་པའི་སྐོར་ལ་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་དྲུག་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་ཤིན་ཧྭ་གསར་འགོད་པས་བོད་མི་ཀུན་ཁྱབ་བསྟན་པ་ཞུ་བ་ཞིག་ལ་དྲི་བ་བྱས་པའི་སྐབས་ཁོང་ནི་བོད་ཀྱི་མཚོ་སྔོན་ཞིང་ཆེན་ནས་ཡིན་པ་དང་ཉི་མ་ལྔ་རི་ལིར་བསྡད་དེ་བོད་ཀྱི་རྒྱལ་ས་ལྷ་སར་ཆོས་མཇལ་དུ་ཡོང་བ་ཡིན་ཞེས་ལན་འདེབས་བྱས་ཡོད་ཅིང་ཁོང་ནི་དེ་ཉིན་ལྷ་ས་གཙུག་ལག་ཁང་དུ་ཇོ་བོ་རིན་པོ་ཆེ་ཆོས་མཇལ་ཞུ་བ་དང་གཙུག་ལག་ཁང་དུ་སྐོར་བ་གསོག་བཞིན་ཡོད་པ་དང་ཁོང་གི་ལྷན་དུ་ཆོས་མཇལ་ཞུ་མཁན་དང་སྐོར་བ་གསོག་མཁན་གྱི་གནས་མཇལ་བ་བརྒྱ་ཕྲག་མང་པོ་ཡོད་པས་ཁག་ཅིག་གི་ལག་ཏུ་མཆོད་མེ་འཁུར་བ་དང་ཁག་ཅིག་གིས་རྟེན་གཙོ་ཁག་ལ་མཇལ་དར་ཕུལ་བ་དང་སྐུ་ཕྱག་ཕུལ་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡོད་པའི་སྐོར་དང་དེ་བཞིན་བར་སྐོར་འགྲོ་ལམ་དུ་སྐོར་བར་བསྐྱོད་མཁན་གྱི་བྲེལ་འཚུབ་ཆེ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བར་སྐོར་ནང་དུ་ཡོད་པའི་ཚོང་ཁང་ཁག་ནས་བོད་དང་རྒྱ་གར།བལ་ཡུལ་བཅས་ཀྱི་ལག་ཤེས་ཐོན་སྐྱེད་ཀྱི་དངོས་ཟོག་ཉོ་ཚོང་གི་བྲེལ་འཚུབ་ཀྱིས་བར་སྐོར་ནང་དུ་གནས་མཇལ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་མི་ཚོགས་ཀྱི་འཁྲུག་ཆ་དོད་པའི་ལྷ་སའི་རྣམ་པ་ཞིག་ཏུ་གྱུར་ཡོད་ལུགས་བཤད་ཡོད་པ་རེད།