རྒྱ་ནག་ཏུ་སྔ་ལོའི་རྩ་འཛིན་ཡིག་ཆར་མིང་རྟགས་བཀོད་མཁན་སྐོར།

རྒྱ་ནག་ནང་མང་གཙོའི་བཅོས་བསྒྱུར་དགོས་པའི་རྩ་འཛིན་ཡིག་ཆ་ཟེར་བར་མིང་རྟགས་བཀོད་མཁན་ཚོར་དྲི་ཞིབ་དང་བསུན་བཙིར་ཆེན་པོ་བཟོ་བ།

༄༅༎ཕྱི་ཟླ་བཅུ་གཉིས་པའི་ནང་རྒྱ་ནག་ནང་མང་གཙོའི་བཅོས་བསྒྱུར་དགོས་པའི་བསམ་འཆར་༢༠༠༨ཀྱི་རྩ་འཛིན་ཡིག་ཆ་ཟེར་བར་མིང་རྟགས་བཀོད་མཁན་ཚོར་རྒྱ་ནག་གཞུང་གིས་དྲི་ཞིབ་དང་བསུན་བཙིར་ཆེན་པོ་བཟོ་བཞིན་ཡོད་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་གྱི་ཚོགས་པ་ཞིག་གིས་རེས་གཟའ་མིག་དམར་ཉིན་གནས་ཚུལ་སྤེལ་འདུག

རྒྱ་ནག་ནང་གི་ཞིང་པ་དང་ཤེས་ཡོན་ཅན་དེ་བཞིན་ཁྲིམས་རྩོད་པ་དང་གསར་འགོད་པ་སོགས་སྤྱི་ཚོགས་ཀྱི་སྡེ་ཚན་འདྲ་མིན་ནས་འདུས་པའི་མི་གྲངས་གསུམ་བརྒྱ་ལྷག་གིས་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཤོག་ཁག་གཅིག་གིས་བཟུང་བའི་སྲིད་དབང་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོ་ས་པ་དང་མི་དམངས་ལ་མང་གཙོ་དང་དེ་བཞིན་འདུ་ཚོགས་དང་རྣམ་འགྱུར་གྱི་རང་དབང་དགོས་རྒྱུ་སོགས་ཀྱི་བསམ་འཆར་འཁོད་པའི་༢༠༠༨ཀྱི་རྩ་འཛིན་ཡིག་ཆ་ཞིག་ལ་མིང་རྟགས་བཀོད་སྟེ་ཕྱི་ཟླ་བཅིུས་པའི་ཚེས་བཅུའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་སྔ་ནུབ་ཏུ་ཨིན་ཊར་དྲ་གནས་ཐོག་ཡོངས་ཁྱབ་འགྲེམ་སྤེལ་བྱས་ཡོད་པ་རེད།

གཟའ་མིག་དམར་ཉིན་ཕེརན་སི་གསར་འགྱུར་ལས་ཁང་ལ་ཡིག་ཆ་དེར་མིང་རྟགས་བཀོད་མཁན་གྱི་མི་བཅུ་ཙམ་གྱིས་གསལ་བཤད་བྱས་པར་གཞིགས་ན་རྒྱ་ནག་གཞུང་གིས་༢༠༠༨ཀྱི་རྩ་འཛིན་ཡིག་ཆར་མིང་རྟགས་བཀོད་མཁན་གྱི་མི་མང་ཆེ་བར་དྲི་ཞིབ་དང་ཉེན་བརྡ་བཏང་པ་སོགས་བྱས་ཡོད་འདུག་ལ་རྒྱ་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཞེས་རྒྱ་ནག་ནང་ཡོད་པའི་ཚོགས་པ་དེས་གནས་ཚུལ་ངོ་སྤྲོད་བྱས་པར་གཞིགས་ན་ཉུང་མཐར་ད་བར་རྒྱ་ནག་གཞུང་གིས་ཡིག་ཆ་དེར་མིང་རྟགས་བཀོད་མཁན་གྱི་མི་༨༦ལ་དྲི་ཞིབ་བྱས་ཡོད་པའམ་ཡང་ན་ཉེན་རྟོག་པས་ཁོང་ཚོ་འཚོལ་ཞིབ་ཆེད་སླེབས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག

འོན་ཀྱང་ད་བར་ཡིག་ཆ་དེར་མིང་རྟགས་བཀོད་མཁན་གྱི་མི་གཅིག་མ་གཏོགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་མེད་ཅིང་དེ་ནི་བརྩོམ་པ་པོ་གྲགས་ཅན་ལིའུ་ཤའོ་ཕོའོ་ཡིན་པ་དང་ཁོང་ཕྱི་ཟླ་བཅིུས་པའི་ཚེས་བརྒྱད་ཉིན་འཛིན་བཟུང་བྱས་སྟེ་ད་ལྟའི་སྐབས་པེ་ཅིང་གྲོང་ཁྱེར་གྱི་ཉེ་འདབ་ས་ཁུལ་ཞིག་ཏུ་བཟང་བཙོན་འོག་བཞག་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་གཞུང་གིས་ཁོང་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org