པོ་ལེན་དྲེའི་ཚོགས་པས་རྒྱ་ནག་ལ་བོད་ཐོག་གྲོས་མོལ་རེ་སྐུལ་ཞུས་པ།
པོ་ལེན་དྲེའི་ཚོགས་པ་ཞིག་ནས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་ཐད་ལྷག་བསམ་རྣམ་དག་གི་གྲོས་མོལ་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག
-
2008-05-20 -
-
-
༄༅༎པོ་ལེན་དྲེའི་ཚོགས་པ་ཞིག་ནས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་ཐད་ལྷག་བསམ་རྣམ་དག་གི་གྲོས་མོལ་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག།
དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་། ད་རེས་ཚེས་ ༢༠ ཉིན་གནས་ཚུལ་སྤེལ་བར་ལྟར་ན། པོ་ལེན་དྲེའི་ནང་ཡོད་པའི་ཨོམ་སྦུ་ཌིསི་མཱན་ཞེས་པའི་ཚོགས་པས་འདི་ཚེས་ ༡༨ སྟེ་སྤྱི་མང་གི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཆུང་བཙུགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་ཚིགས་ཉིན་མོར། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐུགས་འཚབ་ཡོད་པའི་གྲོས་ཆོད་ཅིག་བཞག་གནང་ཡོད་པ་དེའི་ནང་། རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་ཀྱི་ཡོད་པ་ལྟར་རྒྱ་ནག་ཀྱང་དེའི་ནང་ཆ་ཤས་ཤིག་ཡིན་པ་རེད། དེ་འདྲ་ཡིན་དུས་རྒྱ་ནག་ནང་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི་སེམས་འཚབ་སྐྱེས་དགོས་པ་ཞིག་རེད་ཅེས་གསལ་ཡོད་པ་རེད། དེ་དང་ཕྱོགས་མཚུངས་གོང་ཞུས་གྲོས་ཆོད་དེའི་ནང་མུ་མཐུད་ནས། རྒྱ་ནག་གཞུང་ནས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་མཇལ་འཕྲད་གྲོས་མོལ་གནང་བར་དགའ་བསུ་ཡོད་ལ་ ཨོ་ལིམ་པིག་རྩེད་འགྲན་སྐབས་གདན་འདྲེན་ཞུ་རྒྱུའི་རེ་བ་ཡོད་པ་དེ་ནི་རྒྱ་ནག་རང་ཉིད་ཀྱི་ཆེ་ཐོངས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པ་དང་། ལྷག་པར་དུ་ད་བར་རྒྱལ་སྤྱིའི་དཔོན་རིགས་ཁག་ཅིག་ནས་དབུ་འབྱེད་མཛད་སྒོའི་ཐོག་མཉམ་ཞུགས་གནང་རྒྱུ་མིན་ལུགས་གསུངས་མཁན་དེ་དག་ལའང་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཀྱི་རེད་ཅེས་གསུངས་ཡོད་པ་བཅས་གང་ལྟར་རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་དོན་དམ་པའི་གྲོས་མོལ་གནང་དགོས་ཀྱི་རེད་ཅེས་ཞུས་ཡོད་པ་རེད། ཚོགས་པ་འདི་བཞིན་དེ་སྔ་ཕྱི་ལོ་ ༡༩༨༨ ལོར་པོ་ལེན་དྲེའི་ནང་ཆེད་བཙུགས་བྱས་པ་ཞིག་ཡིན་པ་རེད།