བོད་རྒྱ་འབྲེལ་མོལ་གྱི་དུས་ཚེས་ཕར་འགྱངས་འགྲོ་སྲིད།

རྒྱ་ནག་ནང་ཉེ་ལམ་ས་ཡོམ་གྱི་རྐྱེན་ངན་གོད་ཆགས་ལ་རྐྱེན་པས་བོད་རྒྱ་འབྲེལ་མོལ་གྱི་དུས་ཚེས་ཕར་འགྱངས་འགྲོ་སྲིད་པའི་སྐོར་རྒྱ་ནག་གཞུང་གིས་གོ་བརྡ་བཏང་འདུག

༄༅༎བོད་ནང་བོད་མིའི་ཞི་རྒོལ་གྱི་ལས་འགུལ་དང་དེར་རྒྱ་ནག་གཞུང་གི་དྲག་གནོན་བྱས་ཏེ་བོད་ནང་ད་ལྟའི་ཛ་དྲག་གི་དཀའ་རྙོག་ཐད་ལ་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་དང་རྒྱ་ནག་གི་འབྲེལ་ཡོད་མཐོ་རིམ་མི་སྣའི་དབར་རྒྱ་ནག་གི་ཤེན་ཀྲས་གྲོང་ཁྱེར་དུ་མཇལ་མོལ་གནང་ཡོད་པ་དང་ མཇལ་མོལ་དེའི་ཐོག་ཕྱོགས་གཉིས་དབར་འབྲེལ་མོལ་མུ་མཐུད་གནང་རྒྱུའི་ཐག་གཅོད་ཡང་བྱུང་ཡོད་པ་རེད་ བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་དབྱི་ཇིའི་རྒྱལ་ས་ལོན་ཌོན་དུ་གསར་འགོད་པའི་ལྷན་དང་བཀའ་མོལ་གནང་སྐབས་བོད་རྒྱ་འབྲེལ་མོལ་རྗེས་མ་དེ་ཕྱི་ཟླ་༦པའི་བདུན་ཕྲག་གཉིས་པའི་ནང་གནང་རྒྱུ་ཡིན་སྐོར་གསུང་པ་དང་ཡང་གསར་འགོད་པས་གལ་སྲིད་རྒྱ་ནག་གཞུང་གི་ཨོ་ལིམ་པིག་རྩེད་འགྲན་སྐབས་༸གོང་ས་མཆོག་གདན་འདྲེན་ཞུས་པ་ཡིན་ན་ཆིབས་བསྒྱུར་གནང་གི་ཡོད་མེད་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ་༸གོང་ས་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་ལྷིང་འཇགས་སོང་སྟེ་ཕུགས་འགྱངས་རིང་པོའི་དཀའ་རྙོག་སེལ་ཐབས་ཤིག་བྱུང་ཚེ་ཨོ་ལིམ་པིག་རྩེད་འགྲན་ལ་ཕེབས་རྒྱུའི་ཐུགས་འདོད་ཡོད་ཅེས་གསུང་ཡོད་པ་རེད་

གནས་ཚུལ་འདིའི་འཕྲོད་ལས་ད་རིང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་ཏཱ་ལའི་བླ་མས་བཀའ་མོལ་གསུང་པ་དེ་ངས་གོ་ཐོས་བྱུང་གལ་སྲིད་ཏཱ་ལའི་བླ་མས་མེས་རྒྱལ་དང་ཨོ་ལིམ་པིག་རྩེད་འགྲན་ལ་ཕན་ནུས་ལྡན་པའི་ལས་དོན་གྱི་ཕུགས་བསམ་ཡོད་པ་ཡིན་ན་རྒྱལ་ཁབ་ཁ་བྲལ་དང་ཨོ་ལིམ་པིག་རྩེད་འགྲན་ལ་གནོད་སྐྱོན་གཏོང་རྒྱུའི་ལས་དོན་རིགས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་མཚམས་འཇོག་བྱེད་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་འདུག ཡང་རྒྱ་བོད་དབར་ཐེངས་རྗེས་མའི་འབྲེལ་མོལ་ག་དུས་གནང་མིན་ཐད་ལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཐེངས་རྗེས་མའི་འབྲེལ་མོལ་ག་དུས་གནང་མིན་དེ་ད་ལྟ་དུས་ཚེས་གཏན་འཁེལ་བཟོ་བཞིན་པ་དང་ སྤྱིར་སྟངས་ད་ལྟའི་འཆར་རྒྱ་ནག་ནང་ས་ཡོམ་གི་རྐྱེན་ངན་གོད་ཆགས་ལ་བརྟེན་རྒྱ་ནག་གི་གཞུང་འབྲེལ་ལྷན་ཁང་ཡོངས་རྫོགས་ས་ཡོམ་དང་འབྲེལ་བའི་ངལ་སེལ་དང་མྱུར་སྐྱོབས་ཀྱི་ལས་དོན་གྲུབ་བཞིན་ཡོད་པ་རེད་ཅེས་ས་ཡོམ་གྱི་གནད་དོན་རྐྱེན་པས་དངོས་སུ་འབྲེལ་མོལ་གྱི་དུས་ཚེས་གཏན་འབེབས་བྱ་ཕྱོགས་ཐད་ལ་ཤུགས་རྐྱེན་ཡོད་པའི་འགྲེལ་བརྗོད་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org