རྒྱ་ནག་ནང་པེ་ཅིང་ཨོ་ལིམ་པིག་རྗེས་རྐྱེན་ངན་བསྟུད་མར་བྱུང་བ།
རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚར་བའི་རྗེས་སུ་རྐྱེན་ངན་བསྟུད་མར་བྱུང་དང་བྱུང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
-
2008-09-18 -
-
-
༄༅༎རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚར་བའི་རྗེས་སུ་ དཔལ་འབྱོར་ཐད་སེམས་ཁྲལ་དང་ འོ་རྩམ་ནང་དུག་རྫས་བསྲེད་ལྷད་བཏང་བའི་དཀའ་རྙོག་ དེ་བཞིན་མ་འོངས་པར་གང་འདྲ་ཡོང་མིན་གདེང་ཚོད་མེད་པས་ ཨོ་ལིམ་པིག་རྗེས་ཀྱི་དུས་སྐབས་དེ་འགོ་ཡག་པོ་ཞིག་བཙུགས་ཐུབ་མེད་སྐོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་ཁ་ས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་རྗེས་སུ་རྒྱ་ནག་ནང་བཀྲ་མ་ཤིས་པ་མང་པོ་བྱུང་ཡོད་ཅིང་ ཟླ་བ་འདིའི་འགོ་སྟོད་ལ་གད་སྙིགས་ཕུང་གསོག་བྱ་ཡུལ་ཞིག་བརྡིབས་སྐྱོན་བྱུང་བའི་འོག་མི་གྲངས་༢༦༠རྐྱེན་ལམ་དུ་ཕྱིན་པས་ཞིང་ཆེན་དེའི་སྲིད་སྐྱོང་བ་ལས་གནས་ནས་དགོངས་པ་མི་ཞུ་དཀའ་མེད་བྱུང་པ་དང་ དེ་ནས་ལོ་ཆུང་བྱིས་པ་ཚོར་སྟེར་རྒྱུའི་འོ་རྩམ་ནང་དུག་རྫས་བསྲེད་ལྷད་བཏང་བའི་རྐྱེན་ངན་འོག་ཕྲུ་གུ་བཞི་རྐྱེན་ལམ་དུ་ཕྱིན་པ་དང་ཕྲུ་གུ་༦༢༠༠ལྷག་ནད་པ་ཆགས་པ་དང་དུས་མཚུངས་གཟའ་མིག་དམར་ཉིན་རྒྱ་ནག་ལྷོ་ནུབ་ས་ཁུལ་དུ་རྫས་སྦྱོར་གྱི་བཟོ་ལས་ཁང་ཞིག་ནས་ཁོལོ་རིན་ཞེས་པའི་དུས་རྫས་ཁ་ཤོར་ནས་མི་གྲངས་༧༡སྨན་ཁང་དུ་སྐྱེལ་དགོས་བྱུང་བ་སོགས་ཀྱི་རྐྱེན་ངན་བྱུང་ཡོད་པ་རེད་ གོང་ཞུས་དཀའ་རྙོག་ཁག་གིས་པེ་ཅིང་ཨོ་ལིམ་པིག་གིས་སེལ་མི་ཐུབ་པའི་གཞི་རྩའི་རྒྱ་ནག་གི་ལམ་ལུགས་ལ་སྐྱོན་ཆ་ཡོད་པ་ཕྱིར་གསལ་བཏོན་པ་མ་ཟད་ པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་སུ་རྒྱལ་ས་པེ་ཅིང་གི་མཁའ་རླུང་གཙང་བཟོ་དང་བདེ་འཇགས་སྲུང་སྐྱོབ་ཡག་པོ་ཡོང་རྒྱུའི་འབད་བརྩོན་ཤུགས་ཆེ་བྱེད་མིན་ལ་མ་བལྟོས་པར་ ད་ཆ་པེ་ཅིང་གི་མཁའ་རླུང་དུ་ཞགས་ཀྱིས་ཁེངས་པ་དང་སྣུམ་འཁོར་མང་བའི་རྐྱེན་གྱིས་ལམ་དང་ལམ་ཆེན་ཁག་འགག་པ་སོགས་དཀའ་ངལ་ཚང་མ་བསྐྱར་ལོག་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་འདུག།