ཧོང་ཀོང་ནང་ཐད་ཀར་འོས་འདེམས་ལ་མི་ཞུགས་རྒྱུའི་རྣམ་འགྱུར།

ཧོང་ཀོང་ཚོགས་པ་ཁག་ཅིག་གིས་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་ཀྱི་ལས་དོན་སྤེལ་རྒྱུའི་ནང་མཉམ་ཞུགས་མི་བྱེད་པའི་རྣམ་འགྱུར།

༄༅༎ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་ཁག་ཅིག་གིས་ཧོང་ཀོང་ནང་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་ཀྱི་ལས་དོན་སྤེལ་རྒྱུའི་ནང་མཉམ་ཞུགས་མི་བྱེད་པའི་རྣམ་འགྱུར་འཛིན་གྱི་ཡོད་འདུག 

ཧོང་ཀོང་ནང་ཡོད་པའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཧོང་ཀོང་ནང་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་གྲོས་ཚོགས་འཐུས་མི་ཡོངས་དང་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འགན་འཛིན་ཧོང་ཀོང་མི་མང་ཚོས་ཐད་ཀར་འོས་འདེམས་བྱ་རྒྱུའི་ལས་འགུལ་སྤེལ་བཞིན་པའི་ནང་རྒྱ་ནག་གཞུང་དང་ཉེ་བའི་ཧོང་ཀོང་གི་ཚོགས་སྡེ་ཁག་ཅིག་གིས་ལས་འགུལ་དེའི་ནང་མཉམ་ཞུགས་བྱ་རྒྱུ་མིན་པའི་རྣམ་འགྱུར་བཏོན་བཞིན་པ་དང་དེ་རིང་ཡང་ཧོང་ཀོང་ཚོང་པའི་ཚོགས་པས་ ང་ཀོང་དམངས་གཙོ་ཚོགས་པས་སྤེལ་བའི་འོས་བསྡུའི་ལས་འགུལ་དེའི་ནང་མཉམ་ཞུགས་བྱ་རྒྱུ་མིན་ལུགས་ཕྱིར་བསྒྲགས་བྱས་ཡོད་པ་དང་ ཚོགས་པ་དེའི་འགན་འཛིན་ཁྲེང་ཡུའུ་ཏོང་གིས་རིང་མིན་སྤེལ་རྒྱུའི་འོས་བསྡུའི་ལས་འགུལ་དེ་བཞིན་ཧོང་ཀོང་གི་དཔྱ་ཁྲལ་འབུལ་མཁན་ཚོའི་དངུལ་འཕྲོག་བརླག་གཏོང་ཡས་ཤིག་ལས་དོན་སྙིང་གང་ཡང་མེད་པ་ཞིག་ཡིན་པར་བརྟེན་ང་ཚོས་དགོད་བྲོའི་འཁྲབ་སྟོན་ལྟ་བུའི་འོས་བསྡུའི་ལས་འགུལ་དེ་རིགས་ནང་ཞུགས་དགོས་དོན་མེད་པ་རེད་ཅེས་གསར་འགོད་པར་འགྲེལ་བརྗོད་བྱས་འདུག

ཧོང་ཀོང་གི་དམངས་གཙོ་ཚོགས་པ་ཁག་གིས་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་ཧོང་ཀོང་ནང་ཁྱོན་ཡོངས་ནས་དམངས་གཙོའི་འོས་བསྡུའི་ལམ་ལུགས་སྤེལ་རྒྱུའི་དགོས་འདུན་བཏོན་གྱི་ཡོད་པ་དང་ཡིན་ན་ཡང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཐད་ཀར་འོས་བསྡུའི་ལམ་ལུགས་སྔ་ནའང་་ཕྱི་ལོ་ཉིས་སྟོང་བཅུ་བདུན་ལོ་འམ་ཡང་ན་ཕྱི་ལོ་ཉིས་སྟོང་ཉི་ཤུའི་ནང་མ་གཏོགས་བསམ་ཞིབ་བྱ་རྒྱུ་མིན་པ་བརྗོད་ཀྱི་ཡོད་པ་རེད་ ཧོང་ཀོང་ནང་ད་ལྟའི་ཆར་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འགན་འཛིན་རྒྱ་ནག་གཞུང་གིས་མིང་འདོན་བྱས་ནས་ཧོང་ཀོང་ནང་ལས་རིག་འདྲ་མིན་ནས་བསྡུ་བསྐོངས་བྱས་པའི་འོས་བསྡུ་བྱེད་མཁན་མི་གྲངས་བརྒྱད་བརྒྱ་ཡོད་པ་ཚོས་འོས་འདེམས་བྱེད་ཀྱི་ཡོད་པ་དང་དེ་བཞིན་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོའི་ནང་འཐུས་མི་༦༠འི་གདན་ཐོབ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་ལས་དེ་མིན་རྣམས་འོས་བསྡུ་ཚོགས་ཆུང་དེའི་མི་སྣ་ཚོས་འདེམས་བསྐོ་བྱེད་བཞིན་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org