རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པར་སླེབས།
སྔ་ལོ་ནས་བཟུང་རྒྱ་ནག་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་གཉིས་པའི་གནས་བབ་དེར་སླེབས་ཡོད་པའི་གནས་ཚུལ་ཐོན་འདུག
-
2011-02-15 -
-
-
༄༅༎འདས་པའི་ལོ་ངོ་བཞི་བཅུ་ཞེ་གཉིས་རིང་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པའི་གནས་བབ་དེ་ཉེ་ཧོང་གིས་བཟུང་ཡོད་ན་ཡང་སྔ་ལོ་ནས་བཟུང་རྒྱ་ནག་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་གཉིས་པ་དེར་གྱུར་ཡོད་པ་རེད།
འོན་ཀྱང་ཕྱིར་ཚོང་དང་ཕྱི་ཕྱོགས་ཀྱི་མ་རྩར་བརྟེན་དྲག་པའི་རྒྱ་ནག་གི་དཔལ་འབྱོར་གནས་བབ་དང་ རྗེས་ལུས་ཅན་གྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་གྱི་གནས་སྟངས་སོགས་ཀྱིས་རྐྱེན་པས་ འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པའི་རྒྱལ་ཁབ་དེ་ཆ་སྙོམས་མེད་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་འདུག།
ཕྱི་ལོ་༡༩༧༨ལོ་ནས་བཟུང་རྒྱ་ནག་གི་འགོ་འཁྲིད་འདས་པོ་ཏེང་ཤའོ་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་ནས་བཟུང་ འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེའི་ཕྱིར་ཚོང་ལ་གཙོ་བོར་བརྟེན་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་ཕྱིན་སྟེ་ད་ལྟའི་སྐབས་རྒྱ་ནག་གི་ཚོང་འབོར་དེ་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་ཚོང་འབོར་གྱི་བརྒྱ་ཆ་ཀླད་སྒོར་ཚགས་བཞི་ཙམ་ཟིན་གྱི་ཡོད་པ་རེད།
ཧོང་ཀོང་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གི་དེང་དུས་གནད་དོན་ཞིབ་འཇུག་ཁང་གི་འགན་འཛིན་སྐུ་ཞབས་ཇོན་ཕ་རན་ཁོའེ་ཧུ་ཤེ་ཡིས་མི་འབོར་ཆེན་པོ་འདི་ལྟ་བུ་ཡོད་པའི་རྒྱལ་ཁབ་རྒྱ་ནག་ལྟ་བུས་ཉེ་ཧོང་ལྟ་བུ་རྒྱལ་ཁབ་ཆུང་ཆུང་ཞིག་དང་འགྲན་བསྡུར་ཕྱོགས་ཡོངས་ནས་བྱེད་ཐུབ་རྒྱུ་ཡིན་པ་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་རེད་ཅེས་དང་ འོན་ཀྱང་འདས་པའི་ལོ་སུམ་ཅུའི་རིང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལོ་ལྟར་བརྒྱ་ཆ་བཅུ་ལས་བརྒལ་བ་ཕྱིན་ཡོད་མིན་ལ་མི་ལྟོས་པར་རྒྱ་ནག་གི་མི་འབོར་ཐེར་འབུམ་གཅིག་དང་ས་ཡ་གསུམ་བརྒྱའི་ལོ་འཁོར་གཅིག་གི་ཡོང་འབབ་དེ་ཉེ་ཧོང་གི་མི་མང་ཚོའི་ལོ་འཁོར་གྱི་ཡོང་བབས་ཨ་རིའི་ཌོ་ལར་ཁྲི་བཞི་དེ་ལས་ལྡབ་བཅུ་ཙམ་གྱི་ཉུང་བ་ཡིན་པར་མ་ཟད་རྒྱ་ནག་གི་ཆ་ཤས་མང་པོ་ཞིག་ད་དུང་ཡང་ཆེས་རྗེས་ལུས་རང་བཞིན་གྱི་ཐོག་གནས་ཡོད་པ་འགྲེལ་བརྗོད་གནང་འདུག།
ལྷག་པར་དུ་རྒྱ་ནག་ནང་དབུལ་ཕྱུག་གི་ཁྱད་པར་ཇེ་ཆེར་འགྲོ་བཞིན་པ་དང་ཟས་སོང་གི་རིན་གོང་འཕར་ཆ་ཆེན་པོ་འགྲོ་བཞིན་པ་སོགས་ཀྱི་རྐྱེན་པས་ འདས་པའི་ལོ་ལྔའི་ནང་སྤྱི་ཚོགས་ཀྱི་བརྟན་ལྷིངས་མེད་པའི་གནས་སྟངས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད་པ་ རྒྱ་ནག་གི་གྲོང་ཁྱེར་ ཧྲང་ཧེ་དུ་བཅའ་ཞུགས་དཔལ་འབྱོར་ཉམས་ཞིབ་པ་ཨེན་ཌི་ཤི་ཡིས་གསུངས་འདུག།