ལྦེཏ་ནམ་ནང་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱས།
རྒྱ་མིའི་གྲུ་གཟིངས་ཀྱིས་ལྦེཏ་ནམ་གྱི་མཚོ་ཁོངས་ཐོག་བཙན་འཛུལ་བྱས་པར་ཧ་ནོཡི་ནང་ངོ་རྒོལ་བྱས་ཡོད་པ་རེད།
-
2011-06-05 -
-
-
༄༅༎དེ་རིང་ལྦེཏ་ནམ་(Vietnam)མི་དམངས་བརྒྱ་ཕྲག་འགའ་ཤས་ལྦེཏ་ནམ་གྱི་རྒྱལ་ས་ཧ་ནོའེ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་རྒྱ་མིའི་གྲུ་གཛིངས་ཀྱིས་ཁོང་ཚོའི་ས་ཁོངས་ཐོག་བཙན་འཛུལ་བྱེད་པར་ངོ་རྒོལ་བྱས་ཡོད་པ་རེད།
ལྦེཏ་ནམ་དམར་ཤོག་རྒྱལ་ཁབ་དེ་ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་ཧ་ཅང་གི་མཐོང་དཀོན་པོ་ཡིན་ཞིང༌། འོན་ཀྱང་ད་རེས་ཀྱི་གནས་ཚུལ་དེ་ནི། རྒྱ་ནག་གཞུང་དང་ལྦེཏ་ནམ་བར་ལྷོ་རྒྱ་ནག་གི་རྒྱ་མཚོའི་བདག་དབང་གི་རྩོད་ལེན་གྱི་དཀའ་རྙོགས་ཐོག་ནས་བྱུང་བ་ཡིན་པ་རེད། དེ་རིང་དྲག་ཆས་ཉེན་རྟོག་པ་༥༠ ཙམ་གྱི་ལྟ་སྲུང་འོག་ལྦེཏ་ནམ་མི་དམངས་སུམ་བརྒྱ་ཙམ་གྱིས་རྒྱ་ནག་ནི་རྙོགས་ཕྲ་བཟོ་མཁན་ཡིན་པའི་ངོ་རྒོལ་བྱས་ཡོད་པ་དང་། དེ་བཞིན་ཧོ་ཆི་མིན་གྲོང་ཁྱེར་ནང་དུའང་མི་དམངས་སྟོང་ཕྲག་གཅིག་ཙམ་གྱིས་གོམས་བགྲོས་བྱས་ཏེ་གཅིག་མཚུངས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་མ་ཟད། དྲ་རྒྱ་དང་ལག་འཁྱེར་ཁ་པར་བརྒྱུད་ལྦེཏ་ནམ་ལྷོ་ཕྱོགས་གྲོང་ཁྱེར་ནང་རྒྱ་མིའི་གཞུང་ཚབ་ལས་ཁང་དུ་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་སྐུལ་སློང་བྱས་ཡོད་པ་རེད། རྒྱ་ནག་དང་ལྦེཏ་ནམ་གཉིས་བར་གནས་སྟངས་ཛ་དྲག་བྱུང་བ་ནི། ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་རྒྱ་ནག་གི་གསང་བའི་མྱུལ་ཞིབ་གྲུ་གཛིངས་དང་ལྦེཏ་ནམ་ཡི་རྡོ་སྣུམ་བསྔོག་འདོན་བྱེད་མཁན་གྲུ་གཛིངས་དབར་གདོང་ཐུག་བྱུང་ཡོད་པ་དང། དེ་ནི་ལྦེཏ་ནམ་ཕྱོགས་ནས། རྒྱ་མིའི་མྱུལ་ཞིག་གྲུ་གཛིངས་ཀྱིས་ཁོང་ཚོའི་གྲུ་འཛིངས་ཐོག་བརྙས་བཅོས་བྱས་པ་ཞིག་པ་ཡིན་པའི་སྐྱོན་བརྗོད་བྱེད་པ་དང་ཆབས་ཅིག་རྒྱ་ནག་གི་གྲུ་གཛིངས་ཀྱིས་ལྦེཏ་ནམ་རྒྱལ་ཁབ་ཀྱི་བདག་དབང་གི་ཁྲིམས་ལུགས་དང་འགལ་འཛོལ་བྱས་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཐད་ཀྱི་ཁྲིམས་ལུགས་དང་འགལ་འཛོལ་བྱས་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།།