བོད་འབྲས་སྤུངས་དགེ་འདུན་པ་ཞིག་ཉེས་རྡུང་འོག་འདས་གྲོངས།

འབྲས་སྤུངས་དགོན་པའི་དགེ་འདུན་པ་ཞིག་བཙོན་ཁང་ནང་ཉེས་རྡུང་ཚད་མེད་བཏང་བའི་འོག་འདས་གྲོངས་གྱུར་ཡོད་པའི་གནས་ཚུལ་འདུག

༄༅༎བོད་ནང་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཞིག་བཙོན་ཁང་ནང་ཉེས་རྡུང་ཚད་མེད་བཏང་བའི་འོག་འདས་གྲོངས་གྱུར་ཡོད་པའི་གནས་ཚུལ་འདུག

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དེ་རིང་གསལ་བསྒྲགས་སྤེལ་བར་གཞིགས་ན་སྔ་ལོ་བོད་མིའི་སྒེར་ལངས་སྐབས་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་པའི་ཉེས་བཙུགས་འོག་འཛིན་བཟུང་བཙོན་བཅུག་བྱས་པའི་དགེ་འདུན་པ་ཕུན་ཚོགས་ཞུ་བ་དེ་བཞིན་འདི་ལོའི་ཕྱི་ཟླ་བརྒྱད་པའི་ཟླ་དཀྱིལ་ཙམ་ལ་འདས་གྲོངས་གྱུར་ཡོད་འདུག ཁོང་དུས་མིན་འདས་གྲོངས་གྱུར་དགོས་པའི་རྒྱུ་རྐྱེན་ནི་སྔ་ལོ་བོད་ཀྱི་འབྲས་སྤུངས་དགོན་པ་ནས་དགེ་འདུན་པ་རྣམས་ནས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་མཉམ་ཞུགས་གནང་བ་དང་སྐབས་དེར་འཛིན་བཟུང་བྱས་པའི་ཁོངས་སུ་ཡོད་འདུག

འོན་ཀྱང་ཁོང་བཙོན་ཁང་གང་དུ་ཡོད་མེད་དང་ཤི་སོན་གྱི་གནས་ཚུལ་སོགས་ཕ་མ་སྤུན་ཉེ་དང་དགོན་པའི་འབྲེལ་ཡོད་ཚོར་རྩ་བ་ནས་ཤེས་རྟོག་བྱུང་མེད་པའི་མུར་ཟླ་བ་སྔོན་མའི་ནང་གློ་བུར་དུ་ལྷ་སར་ཡོད་པའི་ཁོང་གི་སྐུ་མཆེད་ཅིག་ལ་ཁོང་གི་སྐུ་ཕུང་བརྩིས་སྤྲད་ཡོད་འདུག ཤེས་རྟོགས་བྱུང་བར་གཞིགས་ན་ཁོང་དོ་དམ་འོག་བཞག་པའི་སྐབས་ཉེས་རྡུང་ཚད་མེད་བཏང་བ་དང་ནད་གཅོངས་ཆགས་པའི་སྐབས་སྨན་བཅོས་མ་བྱས་པ་སོགས་སྡུག་དམྱལ་དང་མནར་གཅོད་ཚད་ལས་འགལ་བ་བཏང་བའི་ཉེར་ལེན་གྱིས་ཁོང་དོ་དམ་བཞག་སའི་ནང་འདས་གྲོངས་སུ་གྱུར་ཡོད་འདུག སྐུ་ཞབས་ཕུན་ཚོགས་ལགས་འདས་པོ་དེ་ནི་ཕན་པོའི་མཚོ་སྟོད་གྲོང་ཚོ་ནས་ཡིན་པ་དང་ཁོང་གི་སྐྱ་མིང་ལ་སྐལ་ལྡན་ཟེར་གྱི་ཡོད་འདུག དེ་དང་ཕྱོགས་མཚུངས་ཁོང་གི་སྐུ་མཆེད་རྒན་པ་གྲྭ་བསམ་གྲུབ་ལགས་ཞུ་བ་འབྲས་སྤུངས་དགོན་པ་ནས་ཡིན་པ་དེ་ཡང་སྐབས་དེར་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས་འཛིན་བཟུང་བྱས་ཡོད་ཀྱང་ད་བར་ས་གནས་གང་དང་ཤི་གསོན་གྱི་གནས་སྟངས་སུས་ཀྱང་ཤེས་རྟོགས་མེད་པའི་གནས་ཚུལ་འདུག གོང་ཞུས་གནས་ཚུལ་དང་འདྲ་བའི་བོད་ནང་སྔ་ལོའི་དོན་རྐྱེན་འོག་མི་གྲངས་ག་ཚོད་འཛིན་བཟུང་བྱས་ཡོད་མེད་དང་ཤི་གསོན་གྱི་གནས་ཚུལ་ཕ་མ་སྤུན་ཉེ་ཚོས་ཤེས་རྟོགས་མེད་པའི་རིགས་མང་པོ་ཞིག་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org