རྒྱ་ནག་ལ་བོད་དོན་ཐོག་གནོན་ཤུགས་སྤྲོད་དགོས་ལུགས།
རྒྱལ་སྤྱིའི་སྲིད་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་ཐོག་གནོན་ཤུགས་གནང་དགོས་པའི་འབོད་སྐུལ།
-
2008-08-02 -
-
-
༄༅༎རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་སྲུང་བརྩི་ཞུ་དགོས་པ་དང་ ལྷག་པར་དུ་བོད་ནང་དམ་བསྒྲགས་བྱེད་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་སྲིད་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་གནང་རྒྱུའི་ཆེད་བཙན་བྱོལ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག དེའི་ནང་འཁོད་པར་ རྒྱལ་སྤྱིའི་ཨོ་ལིམ་པིག་ནི་ཞི་བདེ་དང་མཐུན་བསྒྲིལ་ ཡར་རྒྱས་བཅས་ཀྱི་མཚོན་དོན་ཞིག་ཏུ་བརྩི་བཞིན་ཡོད་ཅིང་ ཨོ་ལིམ་པིག་གི་བཅའ་ཁྲིམས་ཀྱི་རྩ་དོན་བཞི་པར་ ལུས་རྩལ་ལག་བསྟར་ནི་ འགྲོ་བ་མིའི་ཐོབ་ཐང་ཡིན་ཞེས་གསལ་ཡོད་པ་དང་ དེ་བཞིན་རྩ་དོན་ལྔ་པར་རིགས་རྒྱུད་དང་ཆོས་ལུགས་ ཆབ་སྲིད་ ཕོ་མོ་བཅས་གཞི་ལ་བཞག་སྟེ་རྒྱལ་ཁབ་བམ་སྐྱེ་བོ་སྒེར་ལ་དབྱེ་འབྱེད་བྱེད་པའི་རིགས་གང་ཡང་བྱས་ན་ ཨོ་ལིམ་པིག་ལས་འགུལ་གྱི་དོན་སྙིང་དང་མི་མཐུན་པ་ཡིན་ཞེས་གསལ་ཡོད་པ་རེད་ ཕྱི་ལོ་༢༠༠༡ ལོར་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་བྱེད་བཅུག་པ་དེས་འགྲོ་བ་མིའི་ཐོབ་ཐང་ལ་ཕན་ཐོགས་ཡོང་རྒྱུ་རེད་ཅེས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཞོན་ལིའུ་ཅིང་མིང་གིས་གསུངས་ཡོད་པ་དང་ དེ་བཞིན་ཨོ་ལིམ་པིག་རྩེད་འགྲན་གྱི་ཚོགས་གཙོ་ ཇའག་རོག་ གིས་ཕྱི་ལོ་༢༠༠༢ ལོར་ཨོ་ལིམ་པིག་རྩེད་འགྲན་གྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏང་ཐུབ་རྒྱུ་ཡིན་པར་ང་ཚོར་ངེས་པ་རྙེད་བྱུང་ཞེས་གསུངས་ ཡོད་པ་རེད་ བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་ཡོད་པ་རེད་ འོན་ཀྱང་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཡིན་ཁུལ་གྱིས་བོད་རིགས་ཐོག་དྲག་གནོན་དང་དམ་བསྒྲགས་ཤུགས་ཆེ་རུ་བཏང་སྟེ་བོད་མིའི་ཆོས་དད་རང་དབང་དང་ འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དུ་གཏོང་བཞིན་ཡོད་ལུགས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ནང་བཀོད་འདུག