རྒྱ་གཞུང་གིས་ཧོང་ཀོང་དང་མའོ་ཁོའོ་ལ་གསར་འགོད་སྒྲིག་སྲོལ།
ཧོང་ཀོང་དང་མའོ་ཁོའོ་འམ་ཨའོ་མན་གྱི་གསར་འགོད་པ་ཚོའི་ཐོག་སྒྲིག་སྲོལ་གསར་པ་དེར་གསར་འགོད་པའི་ཚོགས་པས་བསྐྱོན་བརྗོད་བྱས་པ།
-
2009-02-06 -
-
-
༄༅༎རྒྱ་ནག་གཞུང་གིས་ཧོང་ཀོང་དང་མའོ་ཁོའོ་འམ་ཨའོ་མན་གྱི་གསར་འགོད་པ་ཚོའི་ཐོག་སྒྲིག་སྲོལ་གསར་པ་ཕྱིར་བསྒྲགས་བྱས་པ་དེའི་ཐོག་ནས་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ཐོག་སླར་ཡང་གོམ་པ་ཕྱིར་བཤོལ་བྱས་པ་ཞིག་ཡིན་པ་ཧོང་ཀོང་དང་ཨའོ་མན་གསར་འགོད་པའི་ཚོགས་པས་བསྐྱོན་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་གཟའ་པ་སངས་ཉིན་ཧོང་ཀོང་དང་ཨའོ་མན་གྱི་གསར་འགོད་པ་ཚོ་རྒྱ་ནག་ནང་གསར་འགྱུར་འགོད་པར་ཡོང་རིམ་བཞིན་རྒྱ་ནག་གཞུང་ལ་སྙན་སེལ་ཞུ་དགོས་པ་དང་རྒྱ་ནག་ནང་གསར་འགོད་པས་བཅར་འདྲི་སོགས་བྱ་རྒྱུར་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁང་གི་བཀའ་འཕྲོལ་དགོས་པའི་སྒྲིག་སྲོལ་གསར་པ་ཕྱིར་བསྒྲགས་བྱས་ཡོད་པ་རེད། ཉེ་བའི་ལོ་ཤས་ནང་ཧོང་ཀོང་དང་ཨའོ་མན་གྱི་གསར་འགོད་པ་ཚོ་རྒྱ་ནག་ནང་རང་དབང་ཐོག་ནས་གསར་འགྱུར་འགོད་པར་བསྐྱོད་ཆོག་གི་ཡོད་པ་དང་ཧོང་ཀོང་དང་ཨའོ་མན་གསར་འགོད་ཚོགས་པའི་འགན་འཛིན་ཊམ་ཆི་ཀོང་ནས་རྒྱ་ནག་གཞུང་གིས་ད་རེས་ཧོང་ཀོང་དང་ཨའོ་མན་གྱི་གསར་འགོད་པ་ཚོ་རྒྱ་ནག་ནང་གསར་འགྱུར་འགོད་པར་བསྐྱོད་རྒྱུའི་ཐོག་བཏོན་པའི་སྒྲིག་སྲོལ་གསར་པ་དེ་ནི་སླར་ཡང་དེ་སྔོན་གྱི་ལམ་དུ་བསྐྱར་ལོག་བྱས་པ་ཞིག་ཡིན་པའི་བསྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། ཧོང་ཀོང་དང་ཨའོ་མན་གྱི་གསར་འགོད་པ་ཚོས་རྒྱ་ནག་གཞུང་གིས་ཁོང་ཚོའི་ཐོག་གསར་དུ་གཏན་འབེབས་བྱས་པའི་སྒྲིག་སྲོལ་ལ་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་པ་དང་དུས་མཚུངས་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ཐོག་དམ་བསྒྲགས་ཆེ་རུ་གཏོང་གི་ཡོད་པའི་བྱ་སྤྱོད་ལ་སེམས་འཚབ་བྱེད་ཀྱི་ཡོད་པ་རེད། ད་ལོ་ནི་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་ནས་ལོ་ངོ་ལྔ་བཅུ་འཁོར་བ་དང་དེ་བཞིན་རྒྱ་ནག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་ནས་ལོ་ངོ་ཉི་ཤུ་འཁོར་བ།ན་ནིང་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ལོ་གཅིག་འཁོར་གྱི་ཡོད་པ་སོགས་ཚོར་བ་རྣོ་བའི་གནད་འགག་ཅན་གྱི་དུས་ཚིགས་མང་པོ་ཞིག་མཉམ་དུ་འཁེལ་གྱི་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་རྒྱ་ནག་ནང་དང་ལྷག་པར་དུ་བོད་ནང་དམ་བསྒྲགས་ཆེ་རུ་བཏང་ནས་རྙོག་དྲ་ལྷག་རྒྱུར་འགོག་ཐབས་བྱེད་ཀྱི་ཡོད་པའི་ཁར་གསར་འགྱུར་བརྒྱུད་ལམ་དང་དྲ་རྒྱ་སོགས་ཀྱི་ཐོག་དེ་བས་དམ་བསྒྲགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།