བོད་རྒྱའི་དབར་གྱི་གྲོས་གཞིའི་བགྲོ་གླེང་ཐོག་བཀའ་གྲོས་ཡོང་སྲིད།
བོད་རྒྱའི་སྐུ་ཚབ་དབར་གྲོས་གཞི་སྟོན་རེས་བྱུང་ཡོད་པ་དེ་དག་མ་འོངས་བགྲོ་གླེང་གི་གནད་དོན་ཁོངས་སུ་བཀའ་གྲོས་ཡོང་སྲིད།
-
2008-05-08 -
-
-
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྣམས་པས་ད་རེས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ལྷན་དང་མཇལ་འཕྲད་སྐབས་ ཕྱོགས་གཉིས་ཐད་ནས་ཕན་ཚུན་དོན་དང་ལྡན་པའི་དངོས་ཡོད་ཀྱི་གྲོས་གཞི་སྟོན་རེས་བྱུང་ཡོད་པ་དང་ གྲོས་གཞི་དེ་དག་མ་འོངས་བགྲོ་གླེང་གི་གནད་དོན་ཁོངས་སུ་བཀའ་གྲོས་ཡོང་སྲིད་སྐོར་དམིགས་བསད་སྐུ་ཚབ་རྒྱ་རི་རིན་པོ་ཆེས་གསུང་འདུག་༎
དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་ནས་ སྐུ་ཚབ་རྣམས་པའི་འདོན་གནང་མཛད་པའི་གྲོས་གཞིའི་དེ་དག་གི་ནང་དོན་ཞིབ་ཕྲའི་འགྲེལ་བརྗོད་གནང་མིན་འདུག་ཀྱང་ སྐུ་ཚབ་རྣམས་པའི་ངོས་ནས་རྒྱ་ནག་གཞུང་གི་ཉེ་དུས་བོད་ནང་ཞི་རྒོལ་གྱི་ལས་འགུལ་འོག་ བོད་མི་འཛིན་བཟུང་བྱས་པ་རྣམས་གློད་དཀྲོལ་བཏོང་དགོས་པ་དང་ བོད་ནང་ཕྱི་རྒྱལ་གསར་འགོད་པས་འགྲུལ་བསྐྱོད་ཆོག་པ་དང་ དེ་བཞིན་རྒྱ་ནག་གཞུང་གི་བོད་ནང་རྒྱལ་གཅེས་ཆོས་གཅེས་སློབ་གསོའི་ལས་འགུལ་བཅས་པ་མཚམས་འཇོག་བྱེད་དགོས་ལུགས་སྐོར་ནན་སྐུལ་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག ཡང་བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་དང་སྐལ་བཟང་རྒྱལ་མཚན་ལགས་རྣམས་གཉིས་ནས་ ཐེངས་འདིའི་རྒྱ་ནག་གི་ཤིན་དྲེན་གྲོང་ཁྱེར་ནང་རྒྱ་ནག་ཐབ་ཕྱོགས་གཅིག་འགྱུར་ལྷན་ཁང་གི་འགོ་འཁྲིད་ཚོ་དང་འབྲེལ་མོལ་ཇི་བྱུང་སྐོར་སྤྱི་སྒྲགས་ཞིག་སྤེལ་གནང་ཡོད་པ་དང་ སྤྱི་སྒྲགས་དེའི་ནང་འཁོད་པར་གཞིགས་ན་ ཉེ་ལམ་བོད་ནང་བྱུང་བཞིན་པའི་བོད་མིའི་ཞི་རྒོལ་གྱི་ངོ་བོ་དང་དེའི་བྱུང་རྐྱེན་སྐོར་ཕྱོགས་ཕན་ཚུན་དབར་དགོངས་ཚུལ་མི་མཐུན་པ་ཤུགས་ཆེ་ཡོད་པ་དང་ བོད་མིའི་ངོས་ནས་ བོད་ནང་ཞི་རྒོལ་གྱི་རྒྱུ་རྐྱེན་དེ་དག་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དེ་ཁ་གསལ་བརྡ་ཕྲོད་གནང་ཡོད་ལུགས་གསལ་འདོན་གནང་བཞག་༎