རྒྱ་ནག་གི་ཁོང་ཁྲོའི་རྣམ་འགྱུར་ལ་རྒྱ་གར་གྱིས་ལན་བཏབ་འདུག

༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་ས་གནས་གང་དུ་གདན་འདྲེན་ཞུ་མིན་ནི་རྒྱ་གར་གྱི་རང་དབང་ཐོབ་ཐང་ཡིན་པ་བརྗོད་འདུག

རྒྱ་གར་གྱི་ཀོང་རི་སི་ཚོགས་པའི་དབུ་ཁྲིད་ Shashi Tharoor Sky news/youtube

༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་ས་གནས་གང་དུ་གདན་འདྲེན་ཞུ་མིན་ནི་རྒྱ་གར་གྱི་རང་དབང་ཐོབ་ཐང་ཡིན་པ་བརྗོད་འདུག
དེ་ཡང་ཕྱི་ཚེས་༢༢ ཉིན་རྒྱ་གར་གྱི་དཔལ་འབྱོར་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་རྒྱུར་ངོ་རྒོལ་བྱེད་བཞིན་པ་དེར། རྒྱ་གར་གྱི་ཀོང་རི་སི་ཚོགས་པའི་དབུ་ཁྲིད་ Shashi Tharoor ལགས་ཀྱིས། རྒྱ་ནག་གི་ལངས་ཕྱོགས་དེ་འབྲེལ་བ་མེད་པ་ཞིག་ཡིན་པ་དང་། ནང་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་ཞུ་གནང་བ་དེ་ང་ཚོའི་དམིགས་བསལ་ཐོབ་ཐང་ཞིག་རེད། ང་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ལ་ངོས་འཛིན་ཞུ་བ་ལས་ཆབ་སྲིད་ཀྱི་དབུ་ཁྲིད་ཞིག་ལ་ངོས་འཛིན་གནང་གི་མེད་ཅེས་གསུངས་འདུག
ཉེ་ལམ་རྒྱ་གར་བྷི་ཧར་མངའ་སྡེའི་དཔལ་ན་ལེནྜའི་གཙུག་ལག་ཆགས་ཡུལ་དང་ཉེ་འགྲམ་དུ་ཡོད་པ་རྒྱལ་པོའི་ཁབ་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དབུས་གཞུང་གི་རིག་གཞུང་ལྷན་ཁང་གིས་གོ་སྒྲིག་གནང་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་དང་བཀའ་སློབ་གསུང་བཤད་སྩལ་གནང་མཛད་ཅིང་། དེར་རྒྱ་ནག་གིས་ཁོང་ཁྲོ་ཆེན་པོའི་ཐོག་འདི་ཚེས་༢༠་ཉིན་རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་Hua Chunying་གིས། རྒྱ་གར་གྱི་བྱེད་སྟངས་དེར་ངོ་རྒོལ་མཐའ་ཅིག་ཏུ་ཡོད་ཅེས་བཤད་ཡོད་པ་རེད།
༧གོང་ས་མཆོག་གིས་རྒྱ་གར་གྱི་བརྒྱུད་ལམ་ཐོག་ཕྱི་ཚེས་༢༢ ཉིན་བཀའ་འདྲིར་བཀའ་ལན་གནང་བའི་སྐབས། རྒྱ་ནག་གི་ལྟ་བ་མཁྲེགས་འཛིན་པ་ཚོས་ང་རྙོག་དྲ་སློང་མཁན་ཞིག་ལ་བརྩི་བཞིན་ཡོད་ན་ཡང་རྒྱ་ནག་མི་དམངས་སྤྱིའི་ལྟ་སྟངས་བཟང་པོ་ཡོད་པར་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྡ་སར་བཞུགས་འཇགས་སྐབས་གཟའ་འཁོར་རྟག་པར་རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་མི་ ༢༠ ཙམ་མཇལ་དུ་བཅར་གྱི་ཡོད་པ་འགྲེལ་བརྗོད་གནང་པ་དང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཁོང་ཚོ་ང་ཐུག་པའི་སྐབས་ཁོང་ཚོས་མིག་ཆུ་བཏང་སྟེ་རྒྱ་ནག་ནང་གི་ནང་པ་ཚོ་མ་བརྗེད་པ་གནང་རོགས་ཅེས་ཞུ་གི་ཡོད་པ་བཀའ་གནང་འདུག
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ཀྱིས་བཀའ་ཁྲོལ་གནང་བ་ཡིན་ན་མགོན་པོ་ཉིད་ནི་འགྲོ་བ་མི་ཞིག་ཡིན་པ་དང་ལྷག་པར་དུ་ནང་པའི་རྗེས་འབྲངས་པའི་སྤུན་གྲོགས་ཤིག་ཡིན་པའི་ཆ་ནས་རྒྱ་ནག་དུ་ཕེབས་རྒྱུར་གྲ་སྒྲིག་ཨང་གསར་ཡིན་ཅེས་བཀའ་ལན་གནང་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org