༸གོང་ས་མཆོག་སུད་སིའི་ནང་ཆིབས་བསྒྱུར་གནང་འཆར།
སུད་སིའི་གཞུང་གིས་༸གོང་ས་མཆོག་དང་མཇལ་འཕྲད་མ་གནང་བའི་གནད་དོན་དེས་རྒྱ་ནག་གཞུང་ལ་བརྡ་ལན་ལོག་པ་ཐེབས་རྒྱུའི་ཉེན་ཁ།
-
2009-08-03 -
-
-
༄༅༎སུད་སིའི་གཞུང་གིས་༸གོང་ས་མཆོག་དང་མཇལ་འཕྲད་མ་གནང་བའི་གནད་དོན་དེས་རྒྱ་ནག་གཞུང་ལ་བརྡ་ལན་ལོག་པ་ཐེབས་རྒྱུའི་ཉེན་ཁ་ཡོད་ལུགས་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་ཡོད་པའི་གནས་ཚུལ་ཐོན་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་འདིའི་ནང་སུད་སིའི་ཁུལ་དུ་ཆིབས་བསྒྱུར་གནང་གི་ཡོད་པ་དང་ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་ལྟར་ན་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་བའི་སྐབས་དེ་སྔ་དང་མི་འདྲ་བར་སུད་སིའི་གཞུང་གི་གནད་ཡོད་དཔོན་རིགས་ཚོས་༸གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུའི་མཛད་འཆར་མེད་པ་དང་དེ་ནི་སུད་སི་གཞུང་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པ་ཞིག་ཡིན་ལུགས་དཔྱད་ཞིབ་བྱས་ཡོད་པ་རེད། འོན་ཀྱང་སུད་སིའི་འབྲེལ་ཡོད་ཚོས་དེ་ལྟར་མིན་པའི་སྐོར་གསལ་བཤད་གནང་གི་ཡོད་པ་རེད། གང་ལྟར་གནད་དོན་འདིའི་སྐོར་སུད་སི་ཨིན་ཕོ་ཞེས་པའི་དྲ་རྒྱའི་བརྒྱུད་ལམ་ནས་ཡུ་རོབ་ནང་གི་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་སུ་དགོངས་ཚུལ་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱུན་གཏན་ནས་རྒྱལ་ཁབ་བྱེ་བྲག་པ་ཞིག་གིས་༸གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་ཡིན་ན་དེའི་ཐོག་གནོན་ཤུགས་དང་ཡང་ན་བསུན་གཙེར་བཟོ་གནང་རྒྱུའི་ཐུགས་འདོད་རྩ་བ་ནས་གནང་གི་ཡོད་མ་རེད་ཅེས་བཀའ་ལན་གནང་བ་དང་ཆབས་ཅིག་ཁོང་རང་ཉིད་སུད་སིའི་ནང་ཚར་ལོངས་གནང་ནས་ལོ་ངོ་བཞི་བཅུ་ཙམ་འགྲོ་གི་ཡོད་པས་མ་ཟད་སུད་སིའི་མི་སེ་ཞིག་ཡིན་པའི་ཆ་ནས་ཞུས་ན་ད་རེས་སུད་སི་གཞུང་གི་གནང་ཕྱོགས་དེར་ཐུགས་ཕམ་བྱུང་ལ་དེ་ནི་རྒྱ་ནག་གཞུང་ལ་བརྡ་ལན་ལོག་པར་གཏོང་རྒྱུའི་རྐྱེན་རྩ་ཞིག་དང་རྒྱ་ནག་གཞུང་ནས་གྲངས་ཉུང་མི་རིགས་ཚོའི་ཐོག་འཛིན་པའི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་རེད་ཅེས་གསུངས་འདུག དེ་དང་ཕྱོགས་མཚུངས་ཁོང་གིས་སུད་སི་རྒྱལ་ཁབ་འདི་བཞིན་འཛམ་གླིང་གི་ཡུལ་གྲུ་གཞན་དང་མི་འདྲ་བར་རྒྱལ་སྤྱིའི་ནང་ནས་བཏང་སྙོམས་སུ་གནས་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་དེ་བས་བོད་ཀྱི་དཀའ་རྙོག་དེ་བཞིན་འཚེ་མེད་ཞི་བའི་ལམ་དང་གྲོས་མོལ་གྱི་བརྒྱུད་རིམ་ནས་སེལ་ཐབས་བྱེད་རྒྱུར་ཤུགས་གནོན་རྒྱབ་དགོས་པ་ཞིག་ཆགས་ཀྱི་ཡོད་རེད་ཅེས་དང་བོད་ནང་དེང་སང་ཡང་དམ་བསྒྲགས་ཡོད་མུས་ཡིན་པའི་དངོས་ཡོད་གནས་སྟངས་རྣམས་གསར་འགྱུར་བརྒྱུད་ལམ་འདིར་ངོ་སྤྲོད་གནང་ཡོད་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སིའི་ནང་ཆིབས་བསྒྱུར་གནང་བ་ད་རེས་ཐེངས་ཉི་ཤུ་རྩ་གཉིས་པ་ཆགས་ཀྱི་ཡོད་པ་རེད༎