ལྷོ་ཀོ་རི་ཡ་དང་ཉི་ཧོང་རྒྱ་ནག་ནས་དཔལ་འབྱོར་སྐོར་བཀའ་བསྡུར།
ལྷོ་ཀོ་རི་ཡ་དང་ཉི་ཧོང་རྒྱ་ནག་ཡུལ་གྲུ་གསུམ་གྱི་དཔོན་རིགས་རྣམས་འཛམ་གླིང་ནང་གི་དཔལ་འབྱོར་དཀའ་ངལ་སྐོར་བཀའ་བསྡུར་གནང་འཆར།
-
2008-11-02 -
-
-
༄༅༎ལྷོ་ཀོ་རི་ཡ་དང་ཉི་ཧོང་རྒྱ་ནག་བཅས་ཡུལ་གྲུ་གསུམ་གྱི་དཔོན་རིགས་རྣམས་ཟླ་བ་རྗེས་མར་ཉི་ཧོང་ནང་ལྷན་འཛོམས་གནང་སྟེ་དེང་སྐབས་འཛམ་གླིང་རྒྱལ་ཡོངས་ནང་དཔལ་འབྱོར་དཀའ་ངལ་འཕྲད་བཞིན་པའི་དཀའ་རྙོག་སྐོར་བཀའ་བསྡུར་གནང་འཆར་ཡོད་འདུག
ལྷོ་ཀོ་རི་ཡའི་ཡོན་ཧབ་ཅེས་པའི་གསར་ལས་ཁང་གིས་དེ་རིང་གནས་ཚུལ་སྤེལ་དོན་ལྟར་ན་ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མང་སྦཀ་དང་ཉི་ཧོང་གི་སྲིད་བློན་ཏ་རོ་ཨ་སོ་དེ་བཞིན་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་བཅས་དཔོན་རིགས་རྣམས་ཟླ་བ་རྗེས་མའི་ཚེས་བཅུ་བཞི་ཉིན་ཉི་ཧོང་གི་ལྷོ་ཕྱོགས་གྲོང་ཁྱེར་ཕུ་ཀུ་ཌ་ནང་མཇལ་འཕྲད་བཀའ་མོལ་གནང་རྒྱུའི་སྐོར་གྲོས་མཐུན་བྱུང་འདུག ཡང་ཡོན་ཧབ་གསར་ལས་ཁང་གིས་དེ་སྔོན་གོང་ཞུས་ཉི་ཧོང་དང་ལྷོ་ཀོ་རི་ཡ་རྒྱ་ནག་བཅས་ཀྱི་དཔོན་རིགས་གསུམ་པོ་རྒྱལ་སྤྱིའི་དཔལ་འབྱོར་གྱི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཚོགས་ཞོར་དུ་མཇལ་འཕྲད་བྱུང་ཡོད་ན་ཡང་ཁོང་གསུམ་ལོགས་སུ་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དེ་ཐེངས་དང་པོ་ཆགས་རྒྱུ་ཡིན་ལུགས་གནས་ཚུལ་མུ་མཐུད་སྤེལ་འདུག དེ་སྔོན་གོང་ཞུས་ཡུལ་གྲུ་གསུམ་གྱི་དཔོན་རིགས་རྣམས་འདི་ལོའི་ཕྱི་ཟླ་དགུ་པའི་ནང་ཉི་ཧོང་གི་ནུབ་ཕྱོགས་གྲོང་ཁྱེར་ཀོ་སྦི་ནང་ལྷན་འཛོམས་གནང་འཆར་ཡོད་རུང་སྐབས་དེའི་ཉི་ཧོང་གི་སྲིད་བློན་ཡ་སུ་ཨོ་ཕུ་ཀུ་ཌ་མཆོག་གློ་བུར་དུ་ལས་གནས་ནས་དགོངས་ཞུས་པའི་རྐྱེན་གྱིས་ལྷན་འཛོམས་དེ་གནང་ཐུབ་མེད་པའི་གནས་ཚུལ་འདུག