རྒྱ་ནག་ནང་མཁའ་རླུང་གཙང་མ་མེད་པའི་ཞིབ་འཇུག་སྙན་ཐོ།
ཧོང་ཀོང་དང་ཨའུ་མན་དང་དེའི་ཁྱིམ་མཚེས་རྒྱ་ནག་གི་ས་ཁུལ་ནང་མཁའ་རླུང་གཙང་མ་མེད་པའི་རྐྱེན་གྱིས་ལོ་ལྟར་བཞིན་མི་དམངས་ཁྲི་གཅིག་རྐྱེན་འདས་འགྲོ་གི་ཡོད་འདུག
-
2008-06-11 -
-
-
༄༅༎དེ་རིང་ཧོང་ཀོང་ནས་རྒྱ་ནག་གི་ས་ཁུལ་ཁག་ཅིག་ནས་གི་མཁའ་རླུང་གཙང་མ་མེད་པའི་ཐོག་ནས་མི་དམངས་རྐྱེན་འདས་སུ་ཕྱིན་པའི་སྐོར་ཞིབ་འཇུག་གི་སྙན་ཐོ་ཞིག་བཏོན་པའི་ནང༌། ཧོང་ཀོང་དང་ཨའུ་མན། དེའི་ཁྱིམ་མཚེས་རྒྱ་ནག་གི་ལྷོ་ཕྱོགས་ས་ཁུལ་ནང་མཁའ་རླུང་གཙང་མ་མེད་པའི་རྐྱེན་གྱིས་ལོ་ལྟར་བཞིན་མི་དམངས་ཁྲི་གཅིག་རྐྱེན་འདས་འགྲོ་གི་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། ཞིབ་འཇུག་གི་རུ་ཁག་དེའི་ནང་ཕྱག་ལས་གནང་མཁན་ཧོང་ཀོང་གི་མཐོ་སློབ་ཁང་གི་སྨན་གྱི་སྡེ་ཚན་གྱི་སློབ་དཔོན་ཨེན་ཐོ་ནི་ཡིས་ཞིབ་འཇུག་གི་སྙན་ཐོ་དྲིལ་བསྒྲགས་བྱེད་པའི་གསར་འགོད་ལྷན་ཚོགས་ཐོག་མཁའ་རླུང་གཙང་མ་མེད་པའི་རྒྱུ་རྐྱེན་དེའི་འོག་མི་དམངས་བཞི་འབུམ་ལྔ་ཁྲི་ཙམ་གྱིས་སྨན་ཁང་གི་ཉལ་ཁྲི་བདག་འགྲོ་བ་དང་ལོ་ལྟར་བཞིན་སྨན་པ་ས་ཡ་༡༡ གིས་སྨན་བཅོས་བརྟག་དཔྱད་དུ་བསྐྱོད་དགོས་པའི་གནས་ཚུལ་དང་ལྷག་པར་དུ་ལོ་ལྟར་བཞིན་ཉུང་མཐར་མི་དམངས་ཆིག་ཁྲི་རྐྱེན་འདས་སུ་ཕྱིན་པའི་སློང་རྐྱེན་དེ་བཞིན་ནུས་པ་ལྡན་པའི་སྔོན་འགོག་བྱ་ཐུབ་པ་ཞིག་རེད་ཅེས་གསུང་ཡོད་པ་རེད། ཞིབ་འཇུག་པའི་ངོས་ནས་མཁའ་རླུང་གཙང་མ་མེད་པའི་ཐོག་ནས་མི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་ག་རེ་བཟོ་གི་ཡོད་མེད་དང་དེར་སྨན་བཅོས་ཀྱི་ལོ་རེའི་འགྲོ་གྲོན་དང་ཐོན་སྐྱེད་གྱོང་གུན་ཇི་ཙམ་འགྲོ་གི་ཡོད་མེད་བསྡོམས་རྩིས་རྒྱབ་པའི་ནང་མཁའ་རླུང་གཙང་མ་མེད་པ་དེའི་ཐོག་ནས་མི་དམངས་ལ་སྙིང་དང་ཁྲག་གི་རྒྱུ་ལམ་ལ་ན་ཚ་བཟོ་བ་དང་དེ་བཞིན་དབུགས་བསག་གི་ན་ཚ་དང་གློ་བའི་ན་ཚའི་རྐྱེན་བྱེད་པ་མ་ཟད། དེར་སྨན་བཅོས་ཀྱི་ལོ་རེའི་འགྲོ་གྲོན་རྒྱ་མིའི་སྒོར་མོ་ཐེར་འབུམ་བདུན་ཙམ་འགྲོ་གི་ཡོད་པ་གསུང་ཡོད་པ་རེད།