སུད་སི་གྲོས་ཚོགས་ནང་བོད་དོན་གླེང་།

སུད་སི་བློན་ཆེན་ལྷན་ཚོགས་ལ་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་གནང་རྒྱུར་ཁ་ཞེ་གཉིས་མེད་ཀྱི་ཐབས་ཤེས་གནང་དགོས་གསུངས་འདུག

གྲོས་ཚོགས་ཀྱི་ནང་དྲི་བ་བཏོན་གནང་མཁན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་Tiana Angelina Moser ལགས། Tiana Angelina Moser ལགས་ཀྱི་དྲ་གནས།

༄༅།    །བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་ཇི་ལྟར་གཏོང་བཞིན་ཡོད་པའི་གནས་ལུགས་དང་འབྲེལ་བའི་ཐོག    སུད་སི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པས་སུས་གྲོས་ཚོགས་ལ་དཔྱད་གླེང་ཞིག་ཕུལ་ཡོད་པ་རེད། གྲོས་ཚོགས་ཀྱི་ནང་དྲི་བ་བཏོན་གནང་མཁན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་Tiana Angelina Moser ཡིས་དེ་སྔོན་༢༠༡༡ལོའི་ཕྱི་ཟླ་༩པ་དང་།  ༢༠༡༢ཕྱི་ཟླ་༦པ་གཉིས་ནང་པེ་ཅིང་དུ་བཅའ་བཞུགས་སུད་སི་ཡི་ཕྱི་འབྲེལ་གཞུང་ཚབ་ཆེན་མོ་བ་བོད་ནང་གཟིགས་སྐོར་ཕེབས་པའི་སྐབས་མཁྱེན་རྟོགས་བྱུང་བའི་གནས་ཚུལ་ཞིབ་ཕྲ་གསལ་བཤད་དགོས་ལུགས་ཀྱི་རེ་སྐུལ་གནང་བ་དང༌ཆབས་ཅིག  སུད་སི་བློན་ཆེན་ལྷན་ཚོགས་ནས་གཞུང་ཚབ་ཆེན་མོས་བོད་སྐོར་མཁྱེན་རྟོགས་བྱུང་བའི་གནད་དོན་དེ་ཚོ་སེལ་ཐབས་གནང་ཡོད་མེད་སྐོར་བཀའ་འདྲི་ཞུས་འདུག དེ་བཞིན་སུད་སི་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམ་པ་ཚོས་སུད་སི་བློན་ཆེན་ལྷན་ཁང་ནས་  ༢༠༡༢ཕྱི་ཟླ་༩པའི་ནང་ཚོགས་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་སར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པའི་གནས་ཚུལ་ཐེར་འདོན་གནང་ཡོད་མེད་སྐོར་དྲི་བ་བཏོན་གནང་ཡོད་པ་རེད།   སུད་སི་བློན་ཆེན་ལྷན་ཚོགས་ཀྱི་ཚོགས་མི་Didier Burkhalter ཡིས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་མཚན་རྟགས་བཀོད་པའི་བོད་དོན་སྐོར་གྱི་གཞུང་འབྲེལ་དྲི་བ་དེར།  ཐེངས་རྗེས་མའི་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་སུད་སི་བློན་ཆེན་ལྷན་ཚོགས་ཀྱིས་ལན་འདེབས་གནང་དགོས་ཀྱི་ཡོད་པ་གསལ་འདོན་གནང་བཞག
གོས་ཞུས་གྲོས་ཚོགས་ཀྱི་དྲི་བ་བཏོན་གནང་མཁན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་Tiana Angelina Moser ཡིས་  བོད་ནང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ཚོས་རང་དབང་དང་།    ཆོས་དད་རང་མོས། རིག་གཞུང་བདག་གཅེས་དང་སྲུང་སྐྱོབ་ཀྱི་རང་དབང་སོགས་དགོས་པའི་འབོད་ཚིག་ཁག་ལ་འཛམ་གླིང་མང་ཚོགས་ཀྱིས་སྣང་མེད་གཏོང་གི་ཡོད་པ་དང༌། རྒྱ་ནག་གཞུང་ཕྱོགས་ནས་བོད་མིའི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་ད་དུང་དྲག་གནོན་ཆེ་རུ་གཏོང་བཞིན་ཡོད་པས་མ་ཟད།  བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ཚོའི་ནང་མི་སྤུན་མཆེད་ཚོ་རྒྱ་དམག་གིས་དོན་མེད་གང་བྱུང་འཛིན་བཟུང་བཙོན་འཇུགས་བྱེད་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org