བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས།

བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་གང་ཡང་ཕྱིན་མེད་པའི་སྐོར་ངོ་སྤྲོད་སྙན་སེང་ཞུས་འདུག

༄༅༎བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་གང་ཡང་ཕྱིན་མེད་པའི་སྐོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལས་དོན་ལྷན་ཁང་གི་ཚོགས་འདུའི་ཐོག་ངོ་སྤྲོད་སྙན་སེང་ཞུས་པའི་གནས་ཚུལ་ཐོན་འདུག ཁ་ས་སུད་སི་གྲོང་ཁྱེར་ཇི་ནི་ལྦ་རུ་ འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་གོ་སྒྲིག་འོག་ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཁང་གི་ཚོགས་འདུའི་ཐོག་ བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཕྱག་རོགས་སྐུ་ཞབས་འཇམས་དཔལ་སྨོན་ལམ་ལགས་དང་ འགྲོ་བ་མིའི་རྟོགས་ཞིབ་ཚོགས་པའི་འགན་འཛིན་ལྕམ་སོའོ་ཕི་རི་ཆདྲ་སེན་རྣམ་གཉིས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་གནས་བབ་སྐོར་སྙན་སེང་ཞུས་ཡོད་པ་རེད་ སྐུ་ཞབས་འཇམས་དཔལ་སྨོན་ལམ་ལགས་ཀྱིས་ ཁོང་རང་ཉིད་ཆབ་སྲིད་བཙོན་ཞིག་ཡིན་པའི་ཆ་ནས་ལོ་ལྔའི་བཙོན་དུས་རིང་ རྒྱ་ནག་གི་ཉེན་རྟོག་མི་སྣས་སྡུག་སྦྱོང་མནར་གཅོད་བཏང་བའི་མྱོང་ཚོར་ངོ་སྤྲོད་གནང་པ་དང་ཆབས་ཅིག་ རྒྱ་ནག་གཞུང་གིས་བོད་ནང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བོད་མིའི་ཁྲོད་རང་སྣང་གང་དྲན་གྱིས་དྲག་གནོན་ལག་བསྟར་བྱེད་པ་དང་ དཔེར་ན་བོད་ཀྱི་དགོན་སྡེ་ཁག་ནང་ཆོས་དད་ཀྱི་རང་དབང་སྤུ་ཙམ་མེད་པའི་གནས་ལུགས་ངོ་སྤྲོད་གནང་བཞག་ ཁོང་གི་མུ་མཐུད་དེ་རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་གཅིག་མཚུངས་ཡིན་ཚུལ་བརྗོད་ཀྱི་ཡོད་རུང་ དོན་དངོས་ཐོག་བོད་མི་རྣམས་ལ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་བཟུང་གི་ཡོད་པ་དང་ དཔེར་ན་ རྒྱ་རིགས་ཆབ་སྲིད་བཙོན་པ་ཚོར་ཁྲིམས་རྩོད་གླ་གཡར་བྱ་རྒྱུའི་ཐོབ་ཐང་ཡོད་ཀྱང་ བོད་མི་ཆབ་སྲིད་བཙོན་པ་ཚོར་ཁྲིམས་རྩོད་བཅངས་རྒྱུའི་ཐོབ་ཐང་ཡང་མེད་པའི་སྐོར་གསལ་འདོན་གནང་བཞག་ ཡང་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་ལྕམ་སོའོ་ཕི་རི་ཆདྲ་སེན་གྱིས་༢༠༠༨ལོར་བོད་ནང་ཞི་རྒོལ་ཆེན་པོ་བྱུང་བ་ནས་བཟུང་བོད་མིའི་ཐོག་དྲག་གནོན་དང་དམ་བསྒྲགས་ཇེ་ཆེར་སོང་སྟེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གང་ཞིག་ལ་རྡལ་བཤིག་གཏོང་བཞིན་པའི་གནས་ལུགས་ངོ་སྤྲོད་དང་ ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་རྡལ་བཤིག་བཏང་བའི་གནད་དོན་ཁོངས་ནས་ ཆབ་སྲིད་མི་སྣ་གང་བྱུང་འཛིན་བཟུང་བྱས་པ་དང་ གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དེ་ཆེས་ཛ་དྲག་གི་གནད་དོན་ཞིག་ཏུ་གྱུར་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག་༎

བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་གང་ཡང་ཕྱིན་མེད་པའི་སྐོར་ངོ་སྤྲོད་སྙན་སེང་ཞུས་འདུག


2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org