༸གོང་ས་མཆོག་གི་ཨོསོ་ཀྲོ་ལི་ཡ་ནང་གི་མཛད་འཆར་སྐོར།
༸གོང་ས་མཆོག་དང་ཨོསོ་ཀྲོ་ལི་ཡའི་སྲིད་བློན་བར་ཆེས་མཐོའི་རིམ་པའི་མཇལ་འཛོམས་གྲོས་མོལ་གནང་རྒྱུའི་འཆར་གཞི་མེད་པའི་གནས་ཚུལ་འདུག
-
2008-06-10 -
-
-
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་འཁོར་འདིའི་ནང་ཨོསོ་ཀྲོ་ལི་ཡའི་ནང་ཆིབས་བསྒྱུར་བསྐྱང་གི་ཡོད་པ་དང་ཨོསོ་ཀྲོ་ལི་ཡའི་གཞུང་ཕྱོགས་ནས་༸གོང་ས་མཆོག་དང་ཨོསོ་ཀྲོ་ལི་ཡའི་སྲིད་བློན་བར་ཆེས་མཐོའི་རིམ་པའི་མཇལ་འཛོམས་གྲོས་མོལ་གནང་རྒྱུའི་འཆར་གཞི་མེད་པའི་སྐོར་གསུང་གི་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༡ ཉིན་ཨོསོ་ཀྲོ་ལི་ཡར་ཕེབས་འབྱོར་གྱིས་ ཉིན་གྲངས་ལྔའི་རིང་ཨོསོ་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ནང་གསུང་ཆོས་གནང་རྒྱུའི་མཛད་འཆར་ཡོད་པ་དང༌། ད་རེས་༸གོང་ས་མཆོག་གི་ཨོསོ་ཀྲོ་ལི་ཡའི་ནང་ཆིབས་བསྒྱུར་གྱི་མཛད་འཆར་དེ་ནི་ཡོ་རོབ་རྒྱལ་ཁབ་ལྔའི་ནང་ཆིབས་བསྒྱུར་སྐྱང་རྒྱུའི་མཛད་འཆར་ནང་ནས་རྒྱལ་ཁབ་གཉིས་པ་དེ་ཡིན་ཞིང་ཁ་སྔོན་ཡོ་རོབ་ཀྱི་རྒྱལ་ཁབ་ནང་གི་ཐོག་མར་དབྱིན་ཡུལ་ནང་ཆིབས་བསྒྱུར་གནང་སྟེ་སྐབས་དེར་རྒྱ་ནག་གཞུང་གིས་དབྱིན་ཇིའི་གཞུང་ལ་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མེད་པའི་གནོན་ཤུགས་དང་ངོ་རྒོལ་ཇི་ཙམ་བྱས་ཀྱང་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་རེད། ཡིན་ནའང་དེ་རིང་ཨོསོ་ཀྲོ་ལི་ཡའི་སྲིད་བློན་ཀེ་ཝིན་ར་ཌེ་མཆོག་གི་མགྲིན་ཚབ་པས་ཕཱ་རན་སི་གསར་འགོད་པར། སྲིད་བློན་ཀེ་ཝིན་ར་ཌེ་གཟའ་འཁོར་རྗེས་མར་ཉི་ཧོང་དང་ཨིན་ཌོ་ནེ་ཤི་ཡའི་ནང་འཚམས་འདྲི་ཕེབས་ཀྱི་ཡོད་པར་བརྟེན་ནས་༸གོང་ས་མཆོག་ཨོསོ་ཀྲོ་ལི་ཡའི་ནང་ཆིབས་བསྒྱུར་རིང་སྲིད་བློན་ཕྱིར་ལོག་གནང་ཐུབ་མིན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་དུས་ཚོད་སྟབས་འགྲིག་མིན་ཆགས་རྒྱུ་ཡིན་པ་གསུང་ཡོད་པ་རེད། འོན་ཀྱང་ཨོསོ་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་བློན་ཀེ་ཝིན་ར་ཌེ་མཆོག་གཟའ་འཁོར་རྗེས་མའི་རེས་གཟའ་ཟླ་བའི་ཉིན་ཉི་ཧོང་དང་ཨིན་ཌོ་ནེ་ཤི་ཡའི་ནང་འཚམས་འདྲིར་ཕེབས་ཐོན་གནང་གི་ཡོད་པ་དང་༸གོང་ས་མཆོག་གཟའ་འཁོར་འདིའི་རེས་གཟའ་ལྷག་པའི་ཉིན་ཨོསོ་ཀྲོ་ལི་ཡའི་ནང་ཆིབས་བསྒྱུར་གནང་གི་ཡོད་པར་བརྟེན་སྲིད་བློན་མཆོག་འཚམས་འདྲིར་ཕེབས་ཐོན་མ་གནང་གོང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་དགོས་པའི་འབོད་སྐུལ་ཞུ་གི་ཡོད་པ་རེད།