༸གོང་ས་མཆོག་ནས་རྒྱ་ནག་མཉམ་གྲོས་མོལ་བསྐྱར་གསོ་གྲ་སྒྲིག
༸གོང་ས་མཆོག་གིས་རྒྱ་ནག་གི་དབུ་ཁྲིད་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་རྒྱུའི་གྲ་སྒྲིག་ཡོད་པའི་སྐོར་སྐུ་སྒེར་ཡིག་ཚང་གིས་གསུངས་འདུག
-
2009-11-17 -
-
-
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་ཡིག་ཚང་ནས་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ལ་བོད་རྒྱའི་སྐུ་ཚབ་བར་གྲོས་མོལ་གང་མགྱོགས་བསྐྱར་གསོ་གནང་དགོས་པའི་དགོངས་ཚུལ་གསུངས་པ་ལྟར་༸གོང་ས་མཆོག་གིས་རྒྱ་ནག་གི་དབུ་ཁྲིད་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་རྒྱུའི་གྲ་སྒྲིག་ཡོད་པའི་སྐོར་གསུངས་ཡོད་པ་རེད།
དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ཞལ་པར་ཐོག་ཕེ་རན་སི་གསར་འགྱུར་ལས་ཁང་ལ་གསུངས་དོན་ལ་ང་ཚོའི་ཕྱོགས་ནས་དུས་རྟག་ཏུ་རྒྱ་ནག་གི་ལྷན་དུ་གྲོས་མོལ་བྱ་རྒྱུ་འདུན་པ་བཅངས་བཞིན་ཡོད་པ་མ་ཟད་ང་ཚོའི་ངོས་ནས་བོད་དང་རྒྱ་ནག་གི་དབུ་ཁྲིད་གཉིས་མོས་ཀྱི་བདེན་པའི་གནད་དོན་ཐོག་སླེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་དང་ང་ཚོའི་བོད་མིའི་སྤྱི་ཚོགས་ནང་ད་བར་རྒྱ་ནག་གི་ལྷན་དུ་གྲོས་མོལ་གནང་བའི་བརྒྱུད་རིམ་དང་དེའི་ལས་དོན་གྱི་གྲུབ་འབྲས་ལ་ལྟོས་ནས་རྒྱ་ནག་དང་གྲོས་མོལ་བྱ་རྒྱུར་ངོ་རྒོལ་བྱེད་མཁན་ཡོད་པ་ཤེས་རྟོགས་ཡོད། ཡིན་ནའང་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞིར་རྩ་བ་ནས་འགྱུར་བ་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ལ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་ཞིག་ཡོང་བའི་ཆེད་དུ་རྒྱ་ནག་གི་དབུ་ཁྲིད་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་རྒྱུའི་དགོངས་གཞི་རྒྱུན་འཁྱོངས་གནང་གི་ཡོད། ༸གོང་ས་མཆོག་གིས་རྒྱ་ནག་གི་ཁྲིམས་ལུགས་འོག་ནས་བོད་ལ་རང་བཙན་རྩོད་ལེན་གནང་གི་མེད་པ་གསལ་པོ་རེད་ཅེས་གསུང་ཡོད་པ་རེད། རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན་ནས་སྤྱི་ལོ་ཉིས་སྟོང་གཉིས་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གི་སྐུ་ཚབ་བར་གྲོས་མོལ་བསྐྱར་གསོ་བྱུང་བ་ནས་གྲོས་མོལ་མཐའ་མ་དེ་ན་ནིང་སྤྱི་ཟླ་བདུན་པའི་ནང་བྱུང་སྟེ་ཐེངས་བརྒྱད་པའི་གྲོས་མོལ་སྐབས་༸གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ཀྱིས་རྒྱ་ནག་གི་དཔོན་རིགས་མཇལ་འཕྲད་སྐབས་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་རྩོད་ལེན་གནང་བཞིན་པའི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྐོར་གྱི་བསམ་འཆར་ཡིག་ཆ་ཡིག་ཐོག་ཏུ་ཕུལ་ཡོད་ཀྱང་དེར་ཡང་རང་བཙན་དང་རྣམ་པར་འགྱུར་བའི་རང་བཙན་ཡིན་པའི་འཁྱོག་བཤད་ཀྱི་འགྲེལ་བརྗོད་ལོག་པར་བརྒྱབ་ཡོད་པ་རེད།