བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་བྱེད་དགོས་པ།

༸གོང་ས་མཆོག་གིས་རྒྱལ་སྤྱིའི་གསར་འགོད་པ་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་བོད་ནང་བསྐྱོད་དགོས་པའི་སྐོར་སྐུལ་མ།

༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་གསར་འགོད་པ་ཚོར་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་བོད་ནང་བསྐྱོད་དགོས་པའི་སྐོར་ཁ་ས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གསར་འགོད་ལྷན་ཚོགས་ཀྱི་ཐོག་སྐུལ་མ་གནང་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལྟར་བོད་ནང་གཞིས་ལུས་བོད་མི་ཚོར་རང་དབང་ངང་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་ན་རྒྱལ་སྤྱིའི་གསར་འགོད་པ་ཚོས་བོད་ནང་བསྐྱོད་དེ་དངོས་ཡོད་གནས་སྟངས་རྟོག་ཞིབ་གནང་དགོས་ཞེས་སྐུལ་མ་གནང་བ་དང་གལ་ཏེ་བོད་ནང་གི་གཞིས་ལུས་བོད་མི་རྣམས་ལ་བདེ་སྐྱིད་ཡོད་ན་ང་ཚོས་འཐབ་རྩོད་དེ་མཇུག་སྒྲིལ་བྱས་ཆོག་ཅེས་གསུངས་ཡོད་པ་རེད། ཡང་སྐབས་དེར་བཙན་བྱོལ་བོད་གཞུང་གི་ཀམ་པུ་ཊར་འཕྲུལ་རིག་ལ་རྒྱ་ནག་ནས་སོ་ལྟའི་ནད་འབུ་བཏང་སྟེ་བོད་གཞུང་གི་གནས་ཚུལ་རྐུ་འཁྱེར་བྱས་པའི་གསར་འགྱུར་ཐད་རྒྱ་ནག་གཞུང་ལ་ཐུགས་དོགས་ཡོད་མིན་དགོངས་ཚུལ་བཀའ་དྲིས་ཞུས་པར་༸གོང་ས་མཆོག་གིས་འདས་པའི་དུས་ཡུན་ལ་ངའི་ཡིག་ཚང་ནས་བཙན་བྱོལ་བོད་གཞུང་གི་ལྷན་ཁང་གཞན་ལ་བཏང་བའི་ཡི་གེ་རྒྱ་མིའི་ལག་པར་འབྱོར་བ་དེ་འདྲ་བྱུང་ཡོད་པས་དེ་ཚོ་གང་འདྲ་ཡིན་ནམ་སྙམ་པ་ཡོང་གི་འདུག་ཅེས་བཀའ་གནང་ཡོད་པའི་སྐོར་རྒྱ་གར་གྱི་དུས་བབ་གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org