བོད་རྒྱའི་གྲོས་མོལ་འཆར་ཟླའི་ནང་སླར་གསོ་གནང་སྲིད་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་གྲོས་མོལ་འཆར་ཟླའི་ནང་སླར་གསོ་གནང་སྲིད་པ་རེད་ཅེས་བཀའ་གནང་ཡོད་འདུག།

༄༅༎༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་རྒྱའི་གྲོས་མོལ་འཆར་ཟླའི་ནང་སླར་གསོ་གནང་སྲིད་པ་རེད་ཅེས་བཀའ་གནང་ཡོད་འདུག།

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སང་ཨོསོ་ཀྲོ་ལི་ཡའི་གྲོང་ཁྱེར་སིདྲ་ནིའི་ནང་མཛད་འཕྲིན་བསྐྱངས་གནང་བཞིན་ཡོད་པ་ལྟར་ད་རིང་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་སྐབས་བོད་རྒྱའི་གྲོས་མོལ་སྐོར་བཀའ་འདྲི་ཞུས་པའི་སྐབས་༸གོང་ས་མཆོག་གིས། ཉེ་ཆར་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་ཆེན་པོ་བྱུང་བར་བརྟེན་གྲོས་མོལ་ཕྱིར་འགྱངས་བྱས་དགོས་བྱུང་བ་ཞིག་ཡིན་པ་ལས་ཕྱིར་འཐེན་བྱས་ཡོད་མ་རེད་ལ་ཕལ་ཆེར་ཟླ་བ་རྗེས་མ་གྲོས་མོལ་བསྐྱར་གསོ་གནང་སྲིད་པ་རེད་ཅེས་བཀའ་གནང་འདུག། འོན་ཀྱང་དེ་དང་ཆབས་ཅིག་བོད་ནང་གི་གནས་སྟངས་སྐོར་གསུངས་པའི་སྐབས། སྤྱི་ཚོགས་བརྟན་ལྷིང་དང་། འཆམ་མཐུན་ཡོང་ཐབས་བྱེད་རྒྱུར་བོད་མི་ཚོའི་མངོན་འདོད་འཁེངས་ཐུབ་པ་ཞིག་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང༌། དེ་ལྟར་ཡོང་རྒྱུར་དོན་དམ་གྱི་རང་སྐྱོང་གི་གནས་བབ་ཅིག་སྤྲོད་དགོས་ཀྱི་རེད་ལ་ཕན་ཚུན་ཡིད་ཆེས་འཕེར་བའི་ཁོར་ཡུག་ཅིག་ཀྱང་བསྐྲུན་དགོས་རྒྱུ་ཡིན་པ་ལས་མེ་མདེའི་འོག་འཇིགས་སྐུལ་ཐོག་ནས་བརྟན་ལྷིང་ཡོང་ཐབས་ཡོད་མ་རེད་བཅས་བཀའ་གནང་འདུག།

ཡང་ཨོ་ལིམ་པིལ་རྩེད་འགྲན་རྒྱ་ནག་ལ་ཚུགས་འཆར་ཡོད་པའི་གནད་དོན་སྐོར་བཀའ་འདྲི་ཞུས་པའི་སྐབས། ང་ཚོས་འགོ་སྟོད་ནས་རྒྱ་ནག་ལ་ཨོ་ལིམ་པིག་རྩེད་འགྲན་ཚོགས་རྒྱུར་རྒྱབ་སྐྱོར་ཞུས་ཡོད་ལ་དེ་ནི་རྒྱ་ནག་མི་མང་ཐེར་འབུམ་གཅིག་བརྒལ་བས་སྤོབས་པ་འོས་པ་ཞིག་ཀྱང་ཆགས་ཀྱི་ཡོད་རེད། ང་ཚོས་དེར་དགའ་བསུ་དང་གུས་བརྩི་ཞུ་གི་ཡོད། དེ་འདྲ་ཡིན་དུས་དཔལ་འབར་བོད་ནང་བསྐོར་བསྐྱོད་བྱེད་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་མ་སྤེལ་བར་རེ་བ་ཡོད་ཅེས་བཀའ་གནང་འདུག། ༸གོང་ས་མཆོག་ཁུལ་དེར་ཚེས་བཅོ་ལྔ་བར་ཆོས་འབྲེལ་དང་། གཞན་ཡང་གཞུང་འབྲེལ་མི་སྣ་ཁག་ཅིག་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org