བོད་ནང་གི་བོད་མིའི་སེམས་ཤུགས་ཧ་ཅང་ཆེན་པོ་ཡིན་སྐོར།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་བོད་མིའི་སེམས་ཤུགས་ཧ་ལས་པའི་ཆེན་པོར་གནས་ཡོད་པའི་སྐོར་བཀའ་གནང་འདུག
-
2010-05-10 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་བོད་མིའི་སེམས་ཤུགས་ཧ་ལས་པའི་ཆེན་པོར་གནས་ཡོད་པའི་སྐོར་བཀའ་གནང་འདུག
དེ་ཡང་ཕྱི་ལོ་༢༠༠༨ལོར་བོད་རྒྱལ་ཡོངས་སུ་ཞི་རྒོལ་ཆེན་པོ་དེ་བྱུང་རྗེས་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཧ་ཅང་གི་ཆེན་པོ་བྱས་པའི་རྐྱེན་གྱིས་ཕྱི་ཕྱོགས་ནས་བོད་ནང་གི་གནས་སྟངས་ཤེས་རྟོགས་དཀའ་བའི་རང་བཞིན་ཞིག་ཆགས་པར་བརྟེན་ཉེ་ཆར་ཨ་རིའི་ནིའུ་སི་ལྦིཀ་བདུན་རེའི་དུས་དེབ་ཀྱི་གསར་འགོད་པ་ཇེ་རི་ཀུའོ་ཡིས་བཞུགས་སྒར་དུ་ཆེད་བཅར་ཞུས་ནས་༸གོང་ས་མཆོག་ལ་གནས་འདྲི་ཁག་ཅིག་ཞུས་ཡོད་པ་རེད་
གསར་འགོད་པ་ཇེ་རི་ཀུའོ་ཡིས་བོད་ནང་གི་དལྟའི་གནས་སྟངས་དེར་འགྱུར་བ་ཞིག་མ་ཕྱིན་པ་ཡིན་ན་མཐའ་མ་དེར་བོད་ཀྱི་འཐབ་རྩོད་དེ་མེད་པ་ཆགས་ཀྱི་རེད་དམ་ཞེས་པའི་འདྲི་བར་གོང་ས་མཆོག་གིས་དེར་ལྟར་ཡོང་གི་རེད་བསམ་གྱི་མིན་འདུག་ཅེས་དང་ ལོ་ངོ་༦༠ཙམ་རིང་གི་ཉམས་མྱོང་ལ་གཞི་བཞག་ན་བོད་མི་རྣམས་ཀྱི་སེམས་ཤུགས་དེ་ཆག་ཁག་པོ་རེད་ བོད་མི་རྣམས་ཀྱི་སེམས་ཤུགས་དེ་ཧ་ལས་པའི་ཆེན་པོ་རེད་ཅེས་བཀའ་ལན་གནང་འདུག
ཡང་གསར་འགོད་པ་དེས་རྒྱ་ནག་གི་མ་འོངས་པའི་འགོ་འཁྲིད་རྣམ་པའི་ཐོག་ཐུགས་རེ་ཆེན་པོ་གནང་གི་ཡོད་མིན་སྐོར་བཀའ་འདྲི་ཞུས་སྐབས་༸གོང་ས་མཆོག་གིས་ཧུ་ཇིན་ཏའོ་ཡི་རྒྱ་ནག་གི་སྲིད་དབང་འགོ་འཛུགས་བྱུང་སྐབས་རེ་བ་ཆེན་པོ་བྱུང་ཡོད་པ་རེད་ རེ་བ་ཆེན་པོ་དེ་མེད་པ་ཆགས་པ་རེད་ ད་ཆ་རྒྱ་ནག་གི་མི་རབས་ལྔ་པའི་འགོ་འཁྲིད་རྣམས་ཀྱི་འགན་འཁུར་ཞུ་བའི་དུས་ཚོད་དེ་སླེབས་ཀྱི་ཡོད་ ཧུ་ཇིན་ཏའོས་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་པ་དེར་ནན་བརྫོད་གནང་བ་དེ་གལ་གནད་ཆེན་པོ་རེད་ ཡིན་ནའང་སྤྱི་ཚོགས་འཆམ་མཐུན་དང་བརྟནན་ལྷིང་དེ་མེ་མདའ་དང་མི་བཙོན་བཅུག་ལ་རྟེན་གྱི་ཡོད་པ་རེད་ དེ་ནོར་འཁྲུལ་ཅན་གྱི་ལག་བསྟར་ཞིག་རེད་ དེ་འདྲ་སོང་ཙང་རྒྱ་ནག་གི་མི་རབས་གསར་པའི་འགོ་འཁྲིད་རྣམས་ཀྱིས་ཧུ་ཇིན་ཏའོ་འབོད་ཚིག་དེ་དོན་འཁེལ་གནང་བའི་རེ་བ་ཡོད་ཅེས་བཀའ་ལན་གནང་འདུག གཞན་ཡང་རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་གྱི་འཛུགས་བསྐྲུན་སྐོར་དང་བོད་ཀྱི་འབྲོག་པ་མང་པོ་ཞིག་བཙན་དབང་ཐོག་གནས་སྤོ་བྱེད་པའི་སྲིད་བྱུས་སྐོར་དེ་བཞིན་ཉེ་ཆར་ཁམས་སྐྱེ་རྒུ་མདོའི་ནང་ས་ཡོམ་གྱི་གནད་དོན་བཅས་པའི་སྐོར་ལ་བཅར་འདྲིར་གོང་ས་མཆོག་གི་བཀའ་ལན་གནང་ཡོད་པའི་གནས་ཚུལ་ཐོན་འདུག