༸གོང་ས་མཆོག་ནས་གསུམ་བཅུའི་དུས་དྲན་ཐོག་བཀའ་སློབ།

༸གོང་ས་མཆོག་ནས་རྒྱ་ནག་གཞུང་གིས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་དཀའ་སྡུག་ཚོད་མེད་མྱོང་བཞིན་པའི་སྐོར་བཀའ་སློབ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་རྐྱེན་གྱིས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་དཀའ་སྡུག་ཚོད་མེད་མྱོང་བཞིན་པའི་སྐོར་ཁ་ས་བཀའ་སློབ་བསྩལ་གནང་མཛད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་བཞུགས་སྒར་རྡ་རམ་ས་ལར་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་ཐམ་པ་སྲུང་བརྩིའི་ཐོག་མི་མང་ཆིག་ཁྲི་ལྷག་ལ་བཀའ་བསྩལ་དོན་ལ་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༩ལོ་ནས་བཟུང་བོད་ནང་ཟིང་འཁྲུག་ལྷིང་འཇགས་ཟེར་བ་དང་དམངས་གཙོའི་བཅོས་བསྒྱུར།གྲལ་རིམ་འཐབ་རྩོད།མི་དམངས་སྤྱི་ཁང༌།རིག་གནས་གསར་བརྗེ།དམག་ཁྲིམས་བསྡམས་པ་སོགས་དང་ཉེ་དུས་རྒྱལ་གཅེས་ཆོས་གཅེས་དང་རྡུང་རྡེག་ཚ་ནན་སོགས་གཅིག་མཇུག་གཉིས་མཐུད་ཀྱིས་བཙན་གནོན་སྡུག་རྩུབ་ཚབས་ཆེའི་འོག་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་དཀའ་སྡུག་གིས་མི་གྲངས་འབུམ་ཚོ་མང་པོ་དུས་མིན་རྐྱེན་ལམ་དུ་ཕྱིན་པ་དང་རྒྱལ་བསྟན་བཤད་སྒྲུབ་ཀྱི་བྱ་བ་རྩ་ཆད་དགོན་སྡེ་ལྷ་ཁང་སོགས་ཆོས་དང་རིག་གཞུང་གི་ལྟེ་གནས་སྟོང་ཕྲག་མང་པོ་རྩ་སྟོར།གནའ་བོའི་སྒྱུ་རྩལ་གྱི་བཟོ་བཀོད་གཏོར་བཤིག།རང་བྱུང་གི་ཐོལ་ཁུལ་ཁག་གང་བྱུང་བསྔོག་འདོན་དང་ནགས་ཚལ་གཅོད་འབྲེལ།འབྲོང་དང་གཙོད་སོགས་བོད་ཀྱི་རི་དྭགས་གྲངས་མེད་བསད་པ།ཁོར་ཡུག་འབགས་བཙོག་བཟོས་པ་སོགས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་བྱུང་དང་འབྱུང་བཞིན་པའི་མུར་ལོ་གྲངས་ལྔ་བཅུ་འདས་ཤིང་ད་ལྟའང་བོད་མི་རྣམས་འཇིགས་སྣང་དང་རྒྱ་གཞུང་གི་དབང་འཛིན་པ་རྣམས་དོགས་ཟོན་གྱིས་གནས་དགོས་པ་བཅས་མདོ་དོན་བོད་མིས་མི་རབས་ནས་མི་རབས་བརྒྱུད་དེ་སྲོག་ལས་གཅེས་པར་འཛིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བོད་མིའི་ངོ་བོ་དང་བཅས་པ་རྩ་མེད་དུ་འགྲོ་ལ་མ་ཉེ་བའི་གནས་སུ་སླེབས་ཏེ་བོད་རིགས་རྣམས་སྲོག་ཆད་ཕོག་པའི་ནག་ཅན་དང་འདྲ་བར་གནས་ཡོད་སྐོར་བཀའ་བསྩལ་གནང་མཛད་འདུག གཞུང་འབྲེལ་མཛད་སྒོ་གྲུབ་པའི་རྗེས་སུ་གསར་འགོད་ལྷན་ཚོགས་ཤིག་ཐོག་༸གོང་ས་མཆོག་ནས་རྒྱ་རིགས་མང་པོས་ཀྱང་རྒྱ་གཞུང་གིས་བོད་ཐོག་དབང་བསྒྱུར་བྱེད་མུས་དེ་དཀའ་ངལ་ཡོད་པ་ཤེས་མཁན་རྒྱ་རིགས་ཇེ་མང་དུ་འགྲོ་བཞིན་པ་དང་རྒྱ་མིའི་དཔོན་རིགས་ཆེ་ཁག་དང་ཁོང་ཚོའི་ནང་མི་མང་པོས་བོད་བརྒྱུད་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་སྐོར་ཡང་བཀའ་གནང་ཡོད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org