དྲུག་བཞིའི་དོན་རྐྱེན་ནང་རྐང་པ་ཤོར་བའི་རྒྱ་རིགས་ཤིག་སྐོར།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་སྐབས་མེ་སྒྱོགས་འོག་རྐང་པ་ཤོར་པའི་རྒྱ་རིགས་ཤིག་ཨ་རིའི་ནང་འབྱོར་ནས་རྐང་ཚབ་བཟོས་འདུག
-
2009-10-08 -
-
-
༄༅༎རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་སྐབས་མེ་སྒྱོགས་འོག་རྐང་པ་ཤོར་པའི་རྒྱ་རིགས་ཤིག་ཨ་རིའི་ནང་འབྱོར་ནས་རྐང་ཚབ་བརྒྱུད་ནས་ཞབས་བྲོ་འཁྲབ་ཐུབ་པ་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག
ལོ་ངོ་ཉི་ཤུའི་གོང་རྒྱ་ནག་ནང་སློབ་ཕྲུག་ཚོས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བའི་སྐབས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་གཞུང་ནས་དམག་མི་བཏང་བ་དང་མེ་སྒྱོགས་དང་མེ་མདེའི་འོག་སློབ་ཕྲུག་བརྒྱ་ཕྲག་མང་པོ་དམར་བསད་བཏང་ཡོད་པ་མ་ཟད་སྐབས་དདེར་སློབ་ཕྲུག་དང་མི་མང་བརྒྱ་ཕྲག་མང་པོ་རྨས་སྐྱོན་ཡང་ཕོག་ཡོད་པ་རེད། དེའི་ཁོངས་ནས་སློབ་ཕྲུག་ནང་ནས་རྩེད་འགྲན་ལ་མཁས་པ་ཕང་ཀྲེང་ཞེས་པ་དེས་རོགས་པ་སློབ་ཕྲུག་ཅིག་སྐྱོབས་བཞིན་པའི་སྐབས་མེ་སྒྱོགས་འོག་ཁོང་རང་ཉིད་ཀྱི་རྐང་པ་གཉིས་ཀ་ཆགས་ནས་མཐའ་མ་འདས་པའི་ལོ་ངོ་མང་པོའི་རིང་ཧེ་ནན་ཞིང་ཆེན་མངའ་ཁུལ་དུ་ལམ་གཞུང་གཡས་གཡོན་དུ་དངོས་ཟོག་ཆུང་རྩག་རིགས་ཚོང་རྒྱབ་ནས་སྡོད་དགོས་བྱུང་ཡོད་འདུག འོན་ཀྱང་ད་ཆ་ཁོ་པ་ལོ་ན་བཞི་བཅུ་ཞེ་གསུམ་ལ་སླེབས་པ་དང་བཟའ་ཟླ་དང་བུ་མོ་ཞིག་ཡོད་འདུག་ལ་ཉེ་ཆར་ཨ་རིའི་ནང་ཡོད་པའི་རྒྱ་ནག་ནང་རོགས་རམ་བྱེད་མཁན་གྱི་ཚོགས་པ་ཞིག་བརྒྱུད་ནས་ཨ་རིར་ཡོང་ཐུབ་པས་མ་ཟད་ཁོང་ཚོ་བརྒྱུད་ནས་རྐང་ཚབ་ཅིག་ཀྱང་བཟོས་ནས་ཁ་ས་ཨ་རིའི་གྲོས་ཚོགས་ཚོགས་མི་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་འདུག སྐབས་དེར་ཁོང་རང་ཉིད་ཀྱི་རྐང་པའི་སྟེང་ལངས་ཐུབ་པ་མ་ཟད་བཟའ་ཟླའི་མཉམ་ཞབས་བྲོ་རྒྱབ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་འདུག
ཁོ་པས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ལ་ད་རེས་འདིར་སླེབས་ཐུབ་པ་དང་རྐང་ཚབ་རག་པ་དེས་ངར་རེ་བ་གསར་པ་ཞིག་བྱུང་སོང་ལ་ང་རང་ཙམ་མ་ཡིན་པར་རྒྱ་ནག་ལའང་རེ་བ་གསར་པ་ཞིག་བྱུང་སོང་ཞེས་འགྲེལ་བརྗོད་བྱས་འདུག ལྷག་པར་དུ་ཁོང་གི་ལོ་རྒྱུས་གསུངས་པའི་སྐབས་དེ་སྔའི་དོན་རྐྱེན་དེའི་རྗེས་སུ་ཁོ་པར་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་དང་རྩེད་མོའི་འགྲན་བསྡུར་སོགས་ལ་མཉམ་ཞུགས་བྱེད་བཅུག་གི་མེད་པ་དེ་ནི་རྒྱལ་སྤྱིའི་ནང་ཁོ་པའི་གནས་ཚུལ་ཕྱི་བསྒྲགས་ཡོང་རྒྱུར་དོགས་ཟོན་བྱས་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག།