དྲུག་བཞིའི་ཉིན་རྐྱེན་འདས་ཕྱིན་པའི་མིའི་དྲན་གསོའི་ལས་འགུལ།
འདི་ལོ་པེ་ཅིང་གནམ་བདེ་སྒོ་མོ་ཆེ་དམངས་གཙོའི་ལས་འགུལ་གྱི་དུས་དྲན་ཉིན་གྱོན་ཆས་དཀར་པོའི་ཉིན་མོ་ཞེས་པའི་ལས་འགུལ་སྤེལ་རྒྱུ་ཡིན་པ།
-
2009-05-21 -
-
-
༄༅༎པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐོག་དམངས་གཙོའི་ལས་འགུལ་སྣེ་འཁྲིད་གནང་མཁན་གྲས་ལྦང་ཏན་གཙོས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་གིས་འདི་ལོ་པེ་ཅིང་གནམ་བདེ་སྒོ་མོ་ཆེ་དམངས་གཙོའི་ལས་འགུལ་གྱི་དུས་དྲན་ཉིན་རྒྱ་ནག་གཞུང་གིས་དྲག་གནོན་འོག་རྐྱེན་འདས་སོང་བའི་མི་མང་རྣམས་ཀྱི་དྲན་རྟེན་དང་ཆབས་ཅིག་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་མཚོན་ཆེད་རྒྱ་ནག་ཁྱོན་ཡོངས་སུ་གྱོན་ཆས་དཀར་པོའི་ཉིན་མོ་ཞེས་པའི་ལས་འགུལ་སྤེལ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ལྦང་ཏན་ནི་དེ་སྔ་༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་ལས་འགུལ་སྣེ་འཁྲིད་བྱེད་མཁན་སློབ་ཕྲུག་གི་འགོ་འཁྲིད་གཙོ་བོའི་གྲས་ཡིན་པ་དང་ལོ་ཤས་རིང་བཙོན་ཁང་ནང་ཞུགས་རྗེས་ད་ཆ་ཁོང་ཨ་རིར་སྐྱབས་བཅོལ་དུ་བཞུགས་སྟེ་རྒྱ་ནག་ནང་དམངས་གཙོའི་བཅོས་བསྒྱུར་གྱི་རྩོད་ལེན་མུ་མཐུད་གནང་བཞིན་ཡོད་པ་རེད། ལྦང་ཏན་གྱིས་ཁ་ས་ཐེ་ལྦན་རྒྱལ་ས་ཐའེ་པེ་རུ་ཕེ་རན་སི་གསར་འགྱུར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་དོན་དུ་རྒྱ་ནག་གི་སྲོལ་རྒྱུན་ནང་མཚོན་མངོག་དཀར་པོ་དེ་བཞིན་མྱ་ངན་གྱི་མཚོན་རྟག་ཡིན་པར་སོང་འདི་ལོ་རྒྱ་ནག་ནང་པེ་ཅིང་གནམ་བདེ་སྒོ་མོ་ཆེ་དུས་ཚེས་དེ་བཞིན་ཆས་གོས་དཀར་པོའི་ཉིན་མོ་ཞེས་དྲན་རྟེན་གྱི་ཉིན་མོ་སྲུང་བརྩི་ཞུ་རྩིས་ཡོད་པའི་སྐོར་ངོ་སྤྲོད་གནང་བཞག ལྦང་ཏན་གྱིས་དྲུག་པའི་ཚེས་བཞི་ཉིན་དེ་སྔ་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་རྒྱ་ནག་གཞུང་གིས་དྲག་གནོན་འོག་འདས་གྲོངས་སུ་སོང་བ་རྣམས་ལ་མྱ་ངན་གུས་བཏུད་དང་དྲན་གསོ་ཞུ་ཆེད་རྒྱ་ནག་ཁྱོན་ཡོངས་སུ་རྒྱ་རིགས་མང་ཚོགས་ནས་མཚོན་མདོག་དཀར་པོའི་གྱོན་ཆས་གྱོན་པའི་འབོད་སྐུལ་བྱས་འདུག ཡང་ཁོང་གིས་མུ་མཐུད་གསུངས་ན་ཉིན་དེར་རྒྱ་ནག་ནང་ཆས་གོས་དཀར་པོའི་ལས་འགུལ་སྤེལ་བ་དང་ཕྱོགས་མཚུངས་བཙན་བྱོལ་དུ་གནས་པའི་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རྒྱ་རིགས་དམངས་གཙོ་ཅན་ལྔ་བཅུ་ལྷག་གིས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ཏུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་དང་དེ་རྗེས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱ་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་འདུག།