བོད་དོན་ཆེད་ཛ་དྲག་ཚོགས་ཆེན་ཚོགས་འཆར་ཡོད་པ་རེད།
བོད་དོན་ཆེད་ཛ་དྲག་གི་ལྷན་ཚོགས་དེ་འདིའི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་བཞུགས་སྒར་ནང་སྐོངས་ཚོགས་གནང་རྒྱུའི་ཐག་གཅོད་གནང་འདུག
-
2008-09-15 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན་ བོད་དོན་ཆེད་ཛ་དྲག་གི་ཚོགས་ཆེན་ཞིག་ཚུགས་དགོས་པའི་བཀའ་ཕེབས་དགོངས་དོན་ བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ བོད་དོན་ཆེད་ཛ་དྲག་གི་ལྷན་ཚོགས་དེ་ འདིའི་ལོའི་ཕྱི་ཟླ་༡༡པའི་ཕྱི་ཚེས་༡༧ནས་༢༢ཀྱི་བར་བཞུགས་སྒར་ནང་སྐོངས་ཚོགས་གནང་རྒྱུའི་ཐག་གཅོད་གནང་ཡོད་འདུག
བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཆོག་དང་ བོད་མི་མང་སྤྱི་འཐུས་ཚོགས་གཞོན་གཉིས་ཐོུང་གིས་ བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་ཕུལ་བའི་གྲོས་འཆར་ཞིག་ནང་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཛ་དྲག་གི་ཚོགས་ཆེན་དེར་ད་ཡོད་ཀྱི་བཀའ་བློན་དང་བཀའ་ཟུར་རྣམ་པ་ ལས་ཐོག་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ་ བཙན་བྱོལ་བོད་གཞུང་གི་ཟུང་དྲུང་ཡན་གྱི་གཞུང་ཞབས་ཟུར་པ་དང་ གཞན་ཡང་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་ བོད་རིགས་མཁས་དབང་བཅས་ཚོགས་ཆེན་དེར་མགྲོན་འབོད་གནང་རྒྱུའི་གྲོས་འཆར་ཕུལ་ཡོད་པར་ དེར་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གནང་ཡོད་པ་རེད་
དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བློན་ཁྲི་པ་དང་ སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་མཚན་ཐོག་བསྩལ་གནང་མཛད་པའི་བཀའ་ཡིག་དེའི་ནང་ ཛ་དྲག་ཚོགས་ཆེན་ནང་འཐུས་མི་སུ་སུ་ཚོགས་ཞུགས་དགོས་མིན་ཐད་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཡང་ན་སྤྱི་འཐུས་རྒྱུན་ལས་ཀྱིས་བཀའ་ཤག་ལྷན་དུ་གོ་བསྡུར་གྱིས་ཐག་གཅོད་བྱ་དགོས་པའི་བཀའ་ཕེབས་ལྟར་ ད་རེས་སྤྱི་འཐུས་ལྷན་ཚོགས་གནང་བཞིན་པ་ལྟར་ ཛ་དྲག་ཚོགས་ཆེན་དེ་འཆར་ཟླའི་ཕྱི་ཟླ་༡༡པའི་ནང་བཞུགས་སྒར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་གནང་གཏན་དང་ དེའི་ནང་གོང་ཞུས་ཚོགས་ཞུགས་མི་སྣ་ཁག་མགྲོན་འབོད་གནང་རྒྱུའི་གཏན་འཁེལ་གནང་ཡོད་འདུག