བཙན་བྱོལ་བོད་གཞུང་དང་རྒྱ་ནག་ལྷན་གྲོས་མོལ་སྐོར།

སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཙན་བྱོལ་གཞུང་ནས་མུ་མཐུད་རྒྱ་ནག་ལྷན་གྲོས་མོལ་གནང་དང་མ་གནང་ཐག་གཅོད་གནང་དགོས་གསུངས་བ།

༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་རིང་མིན་ཕྱི་ཟླ་བཅུ་པའི་ནང་གནང་རྒྱུའི་བོད་རྒྱ་འབྲེལ་མོལ་གྲུབ་པའི་རྗེས་བཙན་བྱོལ་བོད་གཞུང་ཕྱོགས་ནས་མུ་མཐུད་རྒྱ་ནག་གི་དཔོན་རིགས་ལྷན་དུ་གྲོས་མོལ་གནང་དང་མ་གནང་སྐོར་མཐའ་མའི་ཐག་གཅོད་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།

དེ་རིང་ཚོགས་གཙོ་སྐུ་ཞབས་ཀརྨ་ཆོས་འཕེལ་ལགས་ཀྱིས་རོའུ་ཀྲར་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་གསུངས་དོན། ཁོང་གི་དགོངས་པར་རྒྱ་ནག་དང་ལྷན་དུ་བཀའ་མོལ་གནང་དགོས་ཀྱི་རེད་བསམ་གྱི་འདུག ཡིན་ནའང་བཀའ་མོལ་ནི་བཀའ་མོལ་རང་གི་ངོ་བོ་ལས་རྒྱ་ནག་ཕྱོགས་ནས་ང་ཚོའི་དགོས་འདུན་དང་དྲང་བདེན་ཁས་ལེན་སོགས་རྩ་བ་ནས་བྱེད་ཀྱི་མ་རེད་ཅེས་དང་བོད་ནང་གི་ཛ་དྲག་གི་གནས་སྟངས་མཚམས་འཇོག་ཡོང་ཐབས་ཐད་ཀྱི་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་ཕྱི་ཟླ་བཅུ་པའི་ནང་གནང་རྒྱུའི་ཐུགས་གཏན་འཁེལ་བ་བཞིན་ད་རེས་ཀྱི་འབྲེལ་མོལ་ཐེངས་བརྒྱད་པ་དེའི་ཐོག་ལ་ང་ཚོའི་ངོས་ནས་རྒྱ་ནག་ཕྱོགས་ལ་ཕྲན་བུའི་རེ་བའི་རྣམ་པ་ཞིག་གཟིགས་ཀྱི་ཡོད་ཚེ་མུ་མཐུད་འབྲེལ་མོལ་ཐེངས་དགུ་པ་ཡོང་རྒྱུ་དང་དེ་མིན་འབྲེལ་མོལ་མཚམས་འཇོག་བྱ་དགོས་པའི་དགོངས་ཚུལ་གསུངས་ཡོད་པ་རེད། ད་དུང་ཁོང་གིས་གསུངས་པར། རེས་གཟའ་པ་སངས་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩ འབྲུ་དོན་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་བཀའ་བསྡུར་གནང་རྒྱུའི་ཆེད་དུ་རིང་མིན་ཕྱི་ཟླ་བཅུ་གཅིག་གམ་བཅུ་གཉིས་གང་རུང་ནང་ཛ་དྲག་གི་ཚོགས་ཆེན་སྐོང་ཚོགས་གནང་དགོས་པའི་བཀའ་ཡིག་ཕེབས་པ་བཞིན་ཛ་དྲག་གི་ཚོགས་ཆེན་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་བཞུགས་གནང་གི་ཡོད་པ་དང་ཚོགས་ཆེན་དེའི་ཐོག་ལ་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་ཞི་བདེ་ལྷིང་འཇགས་མེད་པ་དང་བོད་ཀྱི་རྩ་དོན་ཆེད་དུ་དམིགས་པའི་ལས་འགུལ་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org