དབྱིན་ཡུལ་དུ་རྒྱ་ནག་གི་གྲོང་ཁྱེར་དང་མཚེ་མའི་འབྲེལ་ལམ་གཅོད་དགོས་བའི་འབོད་སྐུལ་གནང་འདུག

དབྱིན་ཡུལ་དུ་གྲོང་ཁྱེར་(Sheffield)་གྱིས་རྒྱ་ནག་གི་གྲོང་ཁྱེར་ཁག་དང་མཚེ་མའི་འབྲེལ་བ་བཙུགས་ཡོད་པ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་མཚམས་འཇོག་དགོས་བ་ལས་འགུལ་བས་འབོད་སྐུལ་བྱས་འདུག

དབྱིན་ཡུལ་དུ་གྲོང་ཁྱེར་(Sheffield)་གྱིས་རྒྱ་ནག་གི་གྲོང་ཁྱེར་ཁག་དང་མཚེ་མའི་འབྲེལ་བ་བཙུགས་ཡོད་པ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་མཚམས་འཇོག་དགོས་བ་ལས་འགུལ་བས་འབོད་སྐུལ་སྐབས། ༠༡།༢༥།༢༠༢༣ TS

དབྱིན་ཡུལ་གྱི་གྲོང་ཁྱེར་(Sheffield)་ནང་གནས་བཞུགས་བོད་མི་དང་ཧོང་ཀོང་གི་ལས་འགུལ་བ་རྣམས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་རྒྱུ་མཚན་དུ་དྲངས་གནང་སྟེ། གྲོང་ཁྱེར་དེ་དང་རྒྱ་ནག་ནང་གི་གྲོང་ཁྱེར་(Anshan)་དང་ཁྲིན་ཏུའུ་(Chengdu)་གཉིས་བར་མཚེ་མའི་གྲོང་ཁྱེར་(twincity)་གྱི་འབྲེལ་ལམ་ཡོད་པ་དེ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་སྙན་ཞུ་ཞིག་གྲོང་སྡེ་ལས་ཁུངས་ལ་ཕྱི་ཚེས་༢༤ཉིན་ཕུལ་འདུག
དབྱིན་ཡུལ་གྱི་ཚགས་པར་(Thestar)་ཞེས་པས་གནས་ཚུལ་སྤེལ་དོན་ལྟར་ན། དབྱིན་ཡུལ་གྱི་ལྷོ་(Yorkshire)་རྫོང་ཁོངས་ཀྱི་(Sheffield)་གྲོང་སྡེ་ལྷན་ཁང་གི་ལས་ཁུངས་ཀྱི་ཚོགས་ཁང་ནང་། ཐབས་ཇུས་དང་ཐོན་ཁུངས་སྐོར་གྱི་ཚོགས་ཆུང་གི་འཐུས་མི་རྣམས་ཚོགས་འདུ་ཚོགས་སྐབས་བོད་མི་ལས་འགུལ་བ་ཁག་གཅིག་གིས་ལག་ཏུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་། ཧོང་ཀོང་གི་ལས་འགུལ་བས་ཧོང་ཀོང་གི་དར་ཆ་འཁྱེར་ནས། གྲོང་ཁྱེར་(Sheffield)་དང་རྒྱ་ནག་ནང་གི་གྲོང་ཁྱེར་(Anshan)་དང་ཁྲིན་ཏུའུ་(Chengdu)་བཅས་བར་བར་མཚེ་མའི་ཕྲུག་གྲོང་ཁྱེར་(twin city)་གྱི་འབྲེལ་ལམ་ཡོད་པ་དེ་མཚམས་འཇོག་བྱེད་དགོས་སྐོར་མི་གྲངས་༡༥༠་ལྷག་གིས་མཚན་རྟགས་སྐྱོན་པའི་སྙན་ཞུ་ཕུལ་ནས། རྒྱ་ནག་དང་འབྲེལ་བ་དེ་བཅད་ཚེ་དེ་ཡིས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པའི་བརྡ་ལན་གསལ་པོ་ཞིག་འཕྲོད་རྒྱུ་ཡིན་སྐོར་དང་། སྔ་ལོར་དབྱིན་ཡུལ་གྱི་(NewCastle)་དང་(Bath)་གྲོང་ཁྱེར་གཉིས་ཀྱི་ས་གནས་འཐུས་མི་རྣམས་ཀྱིས་རྒྱ་ནག་གི་གྲོང་ཁྱེར་དང་འབྲེལ་བ་བཅད་སྐོར་ཡང་བཤད་འདུག
ཡང་སྐབས་དེར་ལས་འགུལ་བ་ཞིག་གིས་བསྒྲགས་གཏམ་ཞིག་སྒྲོག་སྦྱང་གནང་བའི་ནང་། ང་ཚོ་(Sheffield)་ནང་གནས་སྡོད་བོད་མི་རྣམས་ཀྱིས། གྲོང་སྡེ་ལྷན་ཁང་གིས་རྒྱ་ནག་ནང་གི་གྲོང་ཁྱེར་ཁག་གཉིས་དང་མཚེ་ཕྲུག་གྲོང་ཁྱེར་གྱི་འབྲེལ་ལམ་བཞག་པར་ངོ་རྒོལ་ལས་གཞི་སྤེལ་བཞིན་པ་ཁག་ལ་བསམ་ཞིབ་བསྐྱར་དུ་གནང་ནས་འབྲེལ་ལམ་གཅོད་དགོས་འབོད་སྐུལ་ཞུས་ནས། རྒྱ་ནག་དམར་ཤོག་ཚོགས་པ་ནི་འགྲོ་བ་མིའི་ཐོབ་ཐང་ཐད་ཟིན་ཐོ་ཧ་ཅང་སྐྱོ་པོ་དང་ཞན་པོ་ཡོད་སྐོར་གསུངས་འདུག ད་དུང་ཁོང་གིས་བོད་ནང་གི་བོད་མི་༡༦༠་ཙམ་གྱིས་རང་ལུས་མེར་བསྲེགས་གནང་བ་དེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཇི་ཙམ་བྱེད་ཀྱི་ཡོད་མིན་བརྡ་ཤུགས་ཆེན་པོ་སྟོན་གྱི་ཡོད་སྐོར་དང་། དེ་ནི་གྲངས་འབོར་ཙམ་མ་ཡིན་པར་དེས་བོད་ནང་གི་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་སྟོན་གྱི་ཡོད་པ་དང་། ཉེ་དུས་རྒྱ་ནག་གཞུང་གིས་ལོ་ན་༦་ནས་༡༨་བར་གྱི་བོད་པའི་སློབ་ཕྲུག་འབུམ་བརྒྱད་ཙམ་རྒྱ་ནག་གི་གཏན་སྡོད་སློབ་གྲྭ་ཁག་ནང་བཅུག་པའི་སྲིད་ཇུས་དེས་བོད་མི་རིགས་ཀྱི་ངོ་བོར་ཉེན་ཁ་ཆེན་པོ་བཟོས་ཡོད། དེ་ན་གྲོང་སྡེ་ལྷན་ཁང་དེས་མཚེ་ཕྲུག་གྲོང་ཁྱེར་གྱི་འབྲེལ་བ་སུ་ཡི་མཉམ་དུ་བྱེད་དགོས་མིན་དགོངས་པ་གཏིང་ཟབ་བཞེས་དགོས་སྐོར་སོགས་ཞུས་འདུག
གྲོང་སྡེ་ལྷན་ཁང་གི་དབུ་ཁྲིད་(Terry Fox)་ལགས་ཀྱིས། འབྲེལ་ཡོད་དཔོན་རིགས་རྣམས་ཀྱིས་གྲོང་ཁྱེར་དེས་རྒྱལ་སྤྱིའི་གྲོང་ཁྱེར་དང་མཉམ་དུ་འབྲེལ་ལམ་སྐོར་སྙན་ཐོ་བཏོན་པ་ཁག་དང་། བོད་དོན་ལས་འགུལ་བ་རྣམས་ཀྱིས་སྙན་ཞུ་དང་གཏམ་བཤད་ཁག་གི་ཐོག་ཕྱག་ལས་གནང་མུས་དང་། གནད་དོན་དེ་དག་སྐོར་ས་གནས་གྲོང་སྡེ་ལྷན་ཁང་གི་འཐུས་མི་རྣམས་དང་ལྷན་དུ་གང་མགྱོགས་བཀའ་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་འདུག
ཉེ་ལམ་སྤྱི་ཟླ་༡༢བའི་ཚེས་༡ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་(Tower Hamlets)་གྲོང་སྡེ་ལྷན་ཚོགས་ཀྱིས། དེ་སྔ་ས་གནས་འཆར་འགོད་ལྷན་ཁང་ནས་ཆོག་མཆན་འགོད་ཟིན་པ་ས་གནས་དེའི་ཁྱབ་ཁོངས་(Royal Mint)་ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཁུལ་དུ་རྒྱ་ནག་གཞུང་ཚབ་ལས་ཁུངས་གནས་སྤོར་བྱ་རྒྱུའི་གྲོས་འཆར་ཐད་གྲོས་བསྡུར་གནང་སྐབས། བོད་རང་དབང་ཚོགས་པའི་ཚོགས་མི་ཁག་གཅིག་དེར་དངོས་སུ་ཕེབས་ཏེ་བློ་ཚབས་དང་བཅས་གནད་དོན་ཁག་ཅིག་སྙན་གསེང་ཞུས་བ་དང་། མཐར་འཐུས་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་ས་གནས་དེར་གནས་སྤོར་བྱེད་འཇུག་རྒྱུ་མིན་པ་སྤྱི་མོས་ཀྱི་ཐོག་ནས་ཐག་གཅོད་གཏན་འབེབས་གནང་ཡོད་པ། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་(Free Tibet)་ཞེས་བོད་རང་དབང་ཚོགས་པའི་ལས་འགུལ་འགན་འཛིན་(John Jones)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org