དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེར་རྒྱལ་ཚོགས་ནང་རྒྱ་ནག་ལ་བསྐྱར་ཞིབ་སྐབས་བོད་དོན་གླེང་དགོས་པའི་འབོད་སྐུལ་གནང་འདུག

2024.01.18
དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེར་རྒྱལ་ཚོགས་ནང་རྒྱ་ནག་ལ་བསྐྱར་ཞིབ་སྐབས་བོད་དོན་གླེང་དགོས་པའི་འབོད་སྐུལ་གནང་འདུག དབྱིན་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ལ་བོད་དོན་གླེང་དགོས་བའི་འབོད་སྐུལ་ཡིག་གེ་ཕུལ་སྐབས། ༠༡།༡༧།༢༠༤
X/Free Tibet

འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་བདུན་ལྷག་གིས་དབྱིན་ཇི་གཞུང་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་གི་སྐུ་ཚབ་ལ་ཞུ་སྐུལ་བྱས་པ་བརྒྱུད། གཟའ་འཁོར་རྗེས་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དུས་བཀག་བསྐྱར་ཞིབ་གནང་སྐབས་ངེས་པར་དུ་བོད་ཀྱི་གནད་དོན་ཐད་འདྲི་རྩད་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་དང་། དེ་བཞིན་དབྱིན་ཡུལ་ནང་ཡོད་པའི་བོད་རང་དབང་ཚོགས་པའི་ཞུ་གཏུག་འགན་འཁུར་བ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་(X)་ཐོག་ལ་བརྙན་ཐུང་སྤེལ་བའི་ནང་། ང་ཚོ་དབྱིན་ཇིའི་ཕྱི་སྲིད་ལྷན་ཁང་དུ་འབོད་སྐུལ་སྙན་ཞུ་ཞིག་ཕུལ་དུ་བཅར་བ་དང་། རེ་སྐུལ་ཡིག་གེའི་ནང་དབྱིན་ཇི་གཞུང་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོས། རིང་མིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྒྱལ་ཚོགས་ནང་བསྐྱར་ཞིབ་དང་འདྲི་རྩད་གནང་བའི་སྐབས་བོད་ཀྱི་གནད་དོན་ངེས་པར་དུ་གླེང་སློང་གནང་རོགས་ཅེས་འཛམ་གླིང་ནང་གི་བོད་དོན་རྒྱབ་སྐྱོར་བ་བདུན་སྟོང་ལྷག་གིས་ས་ཡིག་རྒྱབ་ཡོད་པ་གསུངས་འདུག
ཕྱོགས་མཚུངས་ཕྱི་ཟླ་དང་པོའི་ཚེས་༡༧ཉིན་ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་(Australia Tibet Council)་ཞེས་པས་ཀྱང་ཕྱི་ཟླ་དང་པོའི་ཚེས་༢༧ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་འདྲི་རྩད་དང་བསྐྱར་ཞིབ་གནང་སྐབས། བོད་ནང་དུ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་པའི་བྱ་སྤྱོད་ཐོག་ལ་འདྲི་རྩད་ནན་པོ་གནང་ཐབས་སུ་(Australia)་ཕྱི་སྲིད་དང་ཚོང་འབྲེལ་ལྷན་ཁང་དང་ལྷན་དུ་ཟླ་བ་འགའ་ཤས་ཀྱི་རིང་ལྷན་འཛོམས་བཀའ་བསྡུར་གནང་ཡོད་པ་གསུངས་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་བཞི་རེའི་མཚམས་སུ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་གནང་སྲོལ་ཡོད་པ་ལྟར། འདི་ལོ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་འདྲི་རྩད་དང་བསྐྱར་ཞིབ་གནང་གི་ཡོད་པར་བརྟེན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཨ་མི་རི་ཀ་དང་དབྱིན་ཇི་སོགས་རྒྱལ་ཁབ་མང་པོའི་གཞུང་ལ་རྒྱ་ནག་གི་སྐུ་ཚབ་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་འདྲི་རྩད་ནན་པོ་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།།

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎