རྒྱ་ནག་གཞུང་གིས་ཆེད་མངགས་བཏང་བའི་བོད་མི།

རྒྱ་གཞུང་གིས་ཆེད་གཏོང་བྱས་པའི་སྐུ་ཚབ་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་བཟང་ཤོས་ཀྱི་དུས་ཚོད་དེ་ཡིན་སྐོར་བརྗོད་ཡོད་པ།

༄༅༎རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་བོད་རང་སྐྱོང་ལྗོངས་མི་མང་གྲོས་ཚོགས་ཀྱི་རྒྱུན་ལས་ཀྱི་མིང་ཅན་པ་ཞིང་ས་བསྟན་འཛིན་ཆོས་གྲགས་ཟེར་བས་དེང་སང་བོད་ནང་བོད་མི་ཚོས་ལོངས་སུ་སྤྱོད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དེ་བོད་ཀྱི་ལོ་རྒྱུས་ནང་ད་བར་བྱུང་མྱོང་མེད་པའི་མང་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་བཟང་ཤོས་ཀྱི་དུས་ཚོད་དེ་ཡིན་སྐོར་ཁོ་པ་ཁ་ས་འདི་ག་ཨ་མི་རི་ཀའི་རྒྱལ་སའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་བོད་ཀྱི་ནང་གནས་སྟངས་གང་ལེགས་ཡོད་པའི་དྲིལ་བསྒྲགས་ཀྱི་ཆེད་གོ་སྒྲིག་བྱས་པའི་གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་བྱེད་བཅུག་པའི་སྐབས་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གི་མགྲིན་ཚབ་པ་ལྦང་པའོ་ཏོང་ཟེར་བས་ཨ་མི་རི་ཀའི་ཡུའུ་ཨེསི་ཨེ་ཀྲུ་ཌེ་ཞེས་པའི་ཉིན་རེའི་གསར་ཤོག་ལ་ཏཱ་ལའི་བླ་མའི་དྲིལ་བསྒྲགས་ཧ་ཅང་ཤུགས་ཆེན་པོ་ཡོད་པར་ང་ཚོའི་འདོད་ཚུལ་དེ་ཉིད་ཀྱང་ཨ་མི་རི་ཀའི་མང་ཚོགས་ལ་ངོ་སྤྲོད་ཀྱི་ཆེད་སྐུ་ཚབ་ཚོགས་པ་དེ་གོ་སྒྲིག་བྱས་པ་ཡིན་སྐོར་བརྗོད་ཡོད་པ་རེད། རྒྱ་ནག་གཞུང་གི་དགོས་དོན་ལྟར་རྒྱ་ནག་དམར་པོའི་རྗེས་འབྲངས་པ་བཀའ་བརྒྱུད་པའི་བླ་མའི་མིང་ཅན་པ་ཞིང་ས་བསྟན་འཛིན་ཆོས་གྲགས་ཟེར་བའི་བོད་མིའི་སྐུ་ཚབ་ཡིན་སྐད་ཀྱི་ཚོགས་མི་རྣམས་ཀྱིས་བོད་ནང་བོད་མི་ཚོས་སྔར་མྱོང་ཚོར་མེད་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལོངས་སུ་སྤྱོད་བཞིན་ཡོད་པ་ངོ་སྤྲོད་བྱས་ཡོད་པ་དང་དེའི་དཔེ་མཚོན་དུ་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་བརྒྱད་ཉིན་བོད་ནང་བོད་མི་ཚོས་ཉིན་མོ་དེ་ཞིང་བྲན་བཅིངས་བཀྲོལ་ཐོབ་པའི་ཉིན་མོར་སྲུང་བརྩི་བྱ་ཡི་ཡོད་སྐོར་རྒྱ་སྐད་ཀྱི་སྐད་བསྒྱུར་ཞིག་རྒྱུད་ཁོ་པས་ཨ་མི་རི་ཀའི་ཡུའུ་ཨེསི་ཨེ་ཀྲུ་ཌེ་ཞེས་པའི་གོང་ཞུས་གསར་ཤོག་དེར་འགྲེལ་བརྗོད་བྱས་ཡོད་པ་རེད། གོང་ཞུས་ཨ་རིའི་གསར་ཤོག་གི་གསར་འགོད་པས་རྒྱ་ནག་གཞུང་གི་རྗེས་འབྲངས་སྐུ་ཚབ་ཞིང་ས་བསྟན་འཛིན་ཆོས་གྲགས་ཟེར་བར་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་བོད་ནང་བོད་མིའི་ཆོས་དད་དང་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་ཤུགས་ཆེ་ཕོག་བཞིན་པའི་སྙན་ཐོའི་ཐད་བསམ་ཚུལ་དྲི་བ་བྱས་སྐབས་ཁོ་པས་གནས་ཚུལ་དེ་དག་བདེན་པ་མིན་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ད་རེས་ཀྱི་བོད་མིའི་སྐུ་ཚབ་ཚོགས་པ་ཟེར་བའི་ནང་ཞིང་ས་བསྟན་འཛིན་ཆོས་གྲགས་མིང་ཅན་གྱི་གཙོས་རྒྱའི་རྗེས་འབྲངས་པ་བོད་མི་ལྔ་ཡོད་པ་དང་ཁོང་རྣམས་ཀྱིས་ཨ་མི་རི་ཀའི་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ཅིག་ལའང་བཅར་ཐབས་བྱེད་ཀྱི་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org