སྤྱི་འཐུས་ལྷན་ཁང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ།

རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་དམ་བསྒྲགས་ཆེ་རུ་བཏང་བ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུགས་སྣང་ཡོང་བའི་འབོད་སྐུལ་ཞུས་འདུག

༄༅༎བཙན་བྱོལ་བོད་གཞུང་སྤྱི་འཐུས་ལྷན་ཁང་གིས། རྒྱ་ནག་གཞུང་གི་བོད་མིའི་ཤེས་ཡོན་བཅོས་བསྒྱུར་གྱི་སྲིད་ཇུས་གཏན་འབེབས་བྱས་ཏེ་བོད་ཀྱི་སྐད་ཡིག་ཐོག་དམ་བསྒྲགས་ཆེ་རུ་བཏང་བ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུགས་སྣང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༡༠པའི་ཚེས་༣༠ཉིན་རྡ་ས་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་མི་ལོ་༥༠འཁོར་བའི་དུས་དྲན་གྱི་ཉིན་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་དོན་དུ། ད་རེས་དུས་དྲན་གྱི་ཉིན་མོ་དེའི་གོ་སྐབས་དང་བསྟུན་ནས། ཉེ་ཆར་རྒྱ་ནག་དབུས་གཞུང་དང་ས་གནས་སྲིད་གཞུང་གཉིས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་དང། མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་ནང་དོན་རྩིས་མེད་རྡོག་རོལ་དུ་བཏང་སྟེ། བོད་ནང་གི་བོད་མི་ཚོར་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུར་དམ་བསྒྲགས་ཀྱི་སྲིད་ཇུས་གཏན་འབེབས་བྱས་པ་དེར། བཙན་བྱོལ་དུ་ཡོད་པའི་བོད་མི་ཡོངས་ཀྱིས་ངོ་རྒོལ་བྱས་དང་བྱེད་བཞིན་པ་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་ཤུགས་ཆེ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང༌། ལྷག་པར་དུ་རྒྱ་ནག་བཙན་དབང་རིང་ལུགས་པས་རང་རེའི་ཚེ་སྲོག་ལས་གཅེས་པའི་སྐད་ཡིག་རྩ་མེད་དུ་གཏང་རྒྱུའི་ངན་ཇུས་ལ་གཞིས་ལུས་བོད་མི་ཡོངས་ཀྱིས་རང་སྲོག་འབེན་ལ་བཙུགས་ཏེ་གདོང་ལེན་གནང་བཞིན་ལྟར་བོད་ཕྲུག་ཁྱིམ་སྡེ་གཙོས་པའི་རང་དབང་ལུང་པའི་ནང་དུ་ཡོད་པའི་རང་རེ་བཙན་བྱོལ་སྤྱི་ཚོགས་ནང་གི་ཤེས་ཡོན་སྡེ་ཆན་ཡོངས་ནས་བོད་མིའི་ཆོས་དང༌། རིག་གཞུང༌། སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་སླད་སྔར་ལས་ལྷག་པའི་སློབ་གཉེར་བྱ་དགོས་པའི་འགན་འཁྲི་ཆེན་པོ་ཞིག་ཡོད་ལ། བར་ལམ་རྒྱ་ནག་ཆོས་ལུགས་ལས་དོན་ཁང་གིས་གཏན་ལ་བབ་པ་ཟེར་བའི་བོད་ཀྱི་དགོན་སྡེ་ཁག་ལ་དོ་དམ་བྱེད་ཐབས་སྐོར་གྱི་ཡིག་ཆ་ཨང་༨  པ་ཟེར་བ་དེ་ནི། བོད་གཞིས་བྱེས་གཉིས་དབར་གྱི་བླ་སློབ་ཀྱི་འབྲེལ་བ་གཅོད་ཐབས་དང༌།  རྒྱ་ནག་གཞུང་གི་བཀོད་ཇུས་ཚོད་འཛིན་འོག་ཆོས་ལུགས་ལ་དམ་བསྒྲགས་བྱ་ཐབས་ཤིག་ཡིན་པས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ཡིག་ཆ་དེར་ནམ་ཡང་ངོས་ལེན་མེད་པའི་ནན་བཤད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org