སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་སྤེལ་བ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ལྷན་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག
-
2012-02-15 -
-
-
༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༣ ཉིན་ མདོ་རྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་ ཁོང་ལ་ཉེན་རྟོག་པས་བཅར་རྡུང་ནན་པོ་བྱས་ཏེ་བཙན་འཁྲིད་བྱས་པར་བོད་མི་དམངས་སྤྱི་འཐུས་ལྷན་ཁང་ནས་སྐྱོན་བརྗོད་གནང་ཞིང༌། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་དང་། བོད་རིགས་མི་དམངས་ཀྱི་ཁེ་ཕན་ལ་གཏོར་བཤིག་གཏོང་མཁན་སུ་ཡིན་དོན་དམ་གྱིས་རྩད་གཅོད་བྱེད་བསམས་ན། གཡས་ཁག་གཡོན་དཀྲིའི་འབད་པ་རྩོམ་མི་དགོས་པའི་ཐབས་ལམ་ལས་སླ་ཤོས་དེ་ནི། རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་པ་དང་། གསར་འགོད་པ་བོད་ནང་འགྲོ་རུ་བཅུག་ན་དོན་དག་ཚང་མ་རང་བཞིན་གྱིས་ས་རིས་ཐང་གསལ་ཆགས་ངེས་རེད་ཅེས་སྤྱི་འཐུས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་འཁོད་འདུག།
ད་དུང་སྤྱི་འཐུས་ཀྱི་གསལ་བསྒྲགས་དེའི་ནང་ འཛམ་གླིང་གི་དབུ་ཁྲིད་རྣམ་པས་འགྲོ་བ་མིའི་བཟང་སྤྱོད་ཀྱི་ཐོག་ནས་རྒྱ་དཔོན་དེ་ཚོར་དྲང་བདེན་གྱི་གནས་ལུགས་གསེད་བཀྲོལ་གནང་སྟེ། བོད་མིའི་ཚེ་སྲོག་སྐྱོབ་ཐབས་ལ་ནུས་པ་ཐོན་པའི་འགན་ཁུར་འཕྲལ་མར་ལེན་རྒྱུ་དུས་ལ་གཏུགས་ཡོད་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་ཅེས་འཁོད་ཡོད་པ་རེད།