བོད་རྒྱའི་གྲོས་མོལ་བརྒྱུད་བོད་ཀྱི་ཛ་དྲག་དཀའ་ངལ་སེལ་ཐུབ་པའི་རེ་བ།
བཙན་བྱོལ་བོད་གཞུང་ནས་བོད་རྒྱའི་གྲོས་མོལ་གྱི་བརྒྱུད་རིམ་འདིའི་ཐོག་ནས་ བོད་ནང་གི་ད་ལྟའི་ཛ་དྲག་གི་དཀའ་ངལ་སེལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་རེད་
-
2008-04-26 -
-
-
༄༅༎ཕྱི་ཟླ་༤པའི་ཚེས་༢༥ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་བརྒྱུད་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིས་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཁྱབ་སྤེལ་བྱས་ཡོད་པ་དང་ བཙན་བྱོལ་བོད་གཞུང་གི་ངོས་ནས་དེར་དགའ་བསུ་ཞུས་གནང་པ་དང་སྦྲགས་ ཐེངས་འདིའི་ཕན་ཚུན་གྲོས་མོལ་གྱི་བརྒྱུད་རིམ་འདིའི་ཐོག་ནས་ བོད་ནང་གི་ད་ལྟའི་ཛ་དྲག་གི་དཀའ་ངལ་སེལ་ཐུབ་རྒྱུར་ཕན་ཐོགས་འབྱུང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད་ ཤིན་ཧྭ་གསར་འགྱུར་ལས་ཁང་ནས་གནས་ཚུལ་དེ་ཐོན་རྗེས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་ མཚན་ཐོག་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པ་དེའི་ནང་ བོད་ནང་ད་ལྟའི་ཛ་དྲག་གི་གནས་ཚུལ་འདི་བྱུང་བ་ནས་བཟུང་བོད་གཞུང་གི་ངོས་ནས་རྒྱ་ནག་གི་དབུ་འཁྲིད་ཚོ་དང་མུ་མཐུད་འབྲེལ་བ་བྱས་ཏེ་ རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སའི་ནང་དྲག་གནོན་བྱེད་བཞིན་པའི་གནད་དོན་མཚམས་འཇོག་ཡོང་ཐབས་དང་ ད་ལྟའི་ཛ་དྲག་གི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་བསྐྲུན་ཐབས་སོགས་ཀྱི་ཐད་བསམ་འཆར་ཕུལ་ཡོད་ཅེས་དང་ ལྷག་པར་དུ་ཕྱི་ཟླ་༣པའི་ཚེས་༡༩ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོའི་མཚན་ཐོག་ཕྱག་བྲིས་ཤིག་ཕུལ་གནང་ མཛད་ཡོད་པ་དེའི་ནང་ཡང་བོད་ནང་གི་ཛ་དྲག་གི་དཀའ་རྙོག་སེལ་ཐབས་སླད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཆེད་མངགས་ གཏོང་གནང་རྒྱུའི་ཐུགས་འདོད་ཡོད་པའི་སྐོར་ཡང་འཁོད་ཡོད་པ་རེད་ཅེས་གསུངས་འདུག འོན་ཀྱང་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ཀྱི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མུ་མཐུད་མཚན་སྨད་ཞུ་རྒྱུ་ལ་ སོགས་པ་ཕན་ཐོགས་མེད་པའི་བྱ་སྤྱོད་མཚམས་འཇོག་ནས་དངོས་ཡོད་གནས་ཚུལ་ངོས་ལེན་དང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་ལེགས་སྐྱེས་ཆེན་པོ་ཞིག་འབུལ་ཐུབ་རྒྱུ་ཡིན་པ་དེའི་ཐོག་དགོངས་བཞེས་གནང་ དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད་།།