བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་བསམ་ཚུལ།
བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཆབ་སྲིད་གནས་བབ་ཅིག་འཐོབ་ཐབས་གནང་བཞིན་པའི་སྲིད་བྱུས་དེ་དོར་དགོས་དང་དགོས་མིན།
-
2008-11-18 -
-
-
༄༅༎བཙན་བྱོལ་ནང་གི་བོད་མི་ཚོས་རྒྱ་ནག་གི་བཙན་བཟུང་འོག་ནས་བོད་ཀྱི་རང་དབང་རང་བཙན་སླར་གསོའི་སླད་དུ་འཐབ་བྱུས་གསར་པ་ཞིག་འཚོལ་ཐབས་གནང་ཕྱིར་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་ནང་གི་གནད་ཡོད་བོད་མི་ལྔ་བརྒྱ་བརྒལ་བ་འདུ་འཛོམས་གནང་ཡོད་ཅིང་ཁོང་རྣམ་ཚོས་བོད་ལ་རང་བཙན་གཙང་མ་དགོས་རྒྱུའི་ལངས་ཕྱོགས་ལ་འདོད་མོས་ཆེ་བ་བྱེད་རྒྱུའི་དོན་དུ་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ད་བར་འཛིན་བཞིན་པའི་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཆབ་སྲིད་གནས་བབ་ཅིག་འཐོབ་ཐབས་གནང་བཞིན་པའི་སྲིད་བྱུས་དེ་དོར་དགོས་དང་དགོས་མིན་ཐད་བསམ་ཚུལ་བགྲོ་གླེང་ལྷུག་པོ་གནང་བཞིན་ཡིན་པ་རེད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྦི་ཚེ་རིང་ལགས་ཀྱིས་གསུང་དོན་ལྟར་ན་བདུན་ཕྲག་འདིའི་ནང་གི་བགྲོ་གླེང་གི་བརྒྱུད་ནས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དེར་མཚན་ཉིད་དང་གནད་འགག་གསར་པ་ཞིག་ཆགས་ཀྱི་རེད་ཅེས་དང་མི་མང་ཚང་མས་ང་ཚོར་ལས་འགན་དང་ཡིད་ཆེས་ཧ་ཅང་ཆེན་པོ་སྤྲད་ཡོད་ཙང་ང་ཚོས་དུས་ཚོད་ཐུང་ཐུང་ཞིག་གི་ནང་ལག་ལེན་བཀེལ་ཐུབ་པའི་འཐབ་བྱུས་ཤིག་འཚོལ་ཐབས་བྱེད་ཀྱི་ཡོད།བུད་མེད་ལྷན་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་གི་བཞེངས་ཕྱོགས་དབུ་མའི་ཐབས་ལམ་ལ་རྒྱབ་སྐྱོར་ཡུན་རིང་ཞུས་ཡོད་ཅིང་༸གོང་ས་མཆོག་གི་ངོས་ནས་ཀྱང་དབུ་མའི་ལམ་གྱི་བཞེངས་ཕྱོགས་དེའི་བརྒྱུད་ནས་གྲུབ་འབྲས་ཐོན་པའི་ཆེད་དུ་ཐབས་ཤེས་གང་ཡོད་གནང་ཀྱང་དེ་ལ་ད་བར་གྲུབ་འབྲས་ཐོན་མེད་པ་སོང་ཙང་ད་ཆ་ང་ཚོའི་ངོས་ནས་འཐབ་བྱུས་གཞན་ཞིག་འཚོལ་དགོས་ཡག་གལ་ཆེན་པོ་མིན་ནམ་སྙམ་པའི་བསམ་བློ་གཏོང་རྒྱུའི་དུས་ཚོད་སླེབས་ཡོག་རེད་ཅེས་གསར་འགོད་པར་གསུང་ཡོད་པ་རེད། བདུན་ཕྲག་འདིའི་མཇུག་ཏུ་གལ་ཏེ་བོད་མི་ཕལ་མོ་ཆེ་ཡི་ངོས་ནས་དབུ་མའི་ལམ་གྱི་ཐོག་ལ་མུ་མཐུད་བསྐྱོར་རྒྱུར་བསམ་ཚུལ་གཅིག་བསྒྲགས་ཐོན་ཚེ་ང་ཚོས་དབུ་མའི་ཐབས་ལམ་དེ་བཞིན་ལམ་ལྷོངས་དང་གྲུབ་འབྲས་ཐོན་ངེས་ཅན་ཞིག་བཟོ་རྒྱུའི་ཐབས་ལམ་གཞན་པ་འཚོལ་དགོས་ཀྱི་རེད་ཅེས་ཀྱང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྦི་ཚེ་རིང་ལགས་ཀྱིས་གསུངས་ཡོད་པ་རེད།