བོད་པའི་བླ་མ་ཞིག་ལ་གོ་མཚོན་ཡོད་པའི་ཉེས་བཙུགས།
སྔ་ལོའི་བོད་ནང་གི་ཞི་རྒོལ་སྐབས་སུ་བོད་པའི་བླ་མ་ཞིག་ནས་གོ་མཚོན་ཐོན་པའི་ཉེས་འཛུགས་འོག་ཁ་ས་རྒྱ་མིའི་ཁྲིམས་ཁང་ཞིག་ནང་ཁྲིམས་ཞིབ།
-
2009-04-21 -
-
-
༄༅༎སྔ་ལོའི་བོད་ནང་གི་ཞི་རྒོལ་སྐབས་སུ་བོད་པའི་བླ་མ་ཞིག་ནས་གོ་མཚོན་ཐོན་པའི་ཉེས་འཛུགས་འོག་ཁ་ས་རྒྱ་མིའི་ཁྲིམས་ཁང་ཞིག་ནང་ཁྲིམས་ཞིབ་བྱེད་ཀྱི་ཡོད་པ་དང་གལ་ཏེ་ཁོང་ལ་ནག་ཉེས་ཡོད་པ་ར་སྤྲོད་བྱུང་ཚེ་དུས་ཡུན་རིང་པོར་བཙོན་འཇུག་ཉེས་ཆད་འཕོག་རྒྱུ་ཡིན་འདུག
རྒྱ་ནག་གི་རྒྱལ་ས་བེ་ཅིང་ནང་རྟེན་གཞི་བྱས་པའི་རྒྱ་མིའི་ཁྲིམས་རྩོད་པ་ལི་ཕཱང་ཕིང་ཡིས་ཁ་པར་ཐོག་ནས་ཨེ་པི་གསར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་བྱེད་གསལ་ལྟར་ན་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བཙུན་དགོན་ཞིག་གི་དབུ་བླ་ཡིན་པ་དགུང་གྲངས་ལྔ་ཅུ་ང་གཉིས་ལ་ཕེབས་པ་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་གིས་ཁྲིམས་འགལ་སྒོ་ནས་ལག་ཆ་བདག་བཟུང་གནང་སྐོར་རྒྱ་ནག་གཞུང་གིས་ནག་ཉེས་བཙུགས་ཏེ་ཁ་ས་གཟའ་མིག་དམར་ཉིན་དཀར་མཛེས་འབྲིང་རིམ་མི་མང་ཁྲིམས་ཁང་ནང་ཁྲིམས་ཞིབ་བྱེད་བཞིན་པ་དང་གལ་ཏེ་རྒྱ་གཞུང་གིས་ཁོང་ལ་ནག་ཉེས་བཙུག་སཔ་དེ་བདེན་པ་ཡིན་པ་ར་སྤྲོད་བྱུང་ཚེ་ལོ་བཅོ་ལྔ་རིང་བཙོན་འཇུག་ཉེས་ཆད་གཏང་རྒྱུ་ཡིན་སྐོར་བརྗོད་འདུག ཡང་ཁྲིམས་རྩོད་པ་ལི་ཡིས་མུ་མཐུད་ནས་བརྗོད་དོན་ལྟར་ན་རྒྱ་མིའི་ཉེན་རྟོག་མི་སྣས་སྔ་ལོ་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་གི་གཟིམ་ཤག་སྔོག་བཤེར་བྱེད་སྐབས་ཁོང་གི་གཟིམ་ཁྲིའི་འོག་ནས་ལག་མདའ་གཅིག་དང་མེ་མདའི་མདེའུ་བརྒྱ་ལྷག་བརྙེད་སོན་བྱུང་བའི་ནག་ཉེས་བཙུགས་ཀྱང་རིན་པོ་ཆེ་མ་ཆོག་གིས་ཁོང་ལ་ནག་ཉེས་རྩ་བ་ནས་མེད་པ་དང་དེ་ནི་རྒྱ་མིས་ངན་ཇུས་བཤམས་པ་ཡིན་ལུགས་གསུངས་པ་ཡང་ལུང་འདྲེན་བྱས་འདུག ཡང་ཁྲིམས་རྩོད་པ་ལིས་རྒྱ་གཞུང་གིས་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ལ་བཙུགས་པའི་ནག་ཉེས་ནས་སྲུང་སྐྱོབ་བྱ་ཐུབ་པ་ཡིན་ན་ཡང་རྒྱ་མིའི་ཉེན་རྟོག་མི་སྣས་རིན་པོ་ཆེའི་སར་ནས་ཐོན་པའི་ལག་ཆ་ཁག་གང་ནས་བྱུང་སྐོར་བཀའ་འདྲི་ཞུས་མེད་པ་དང་མེ་མདའ་དང་མདེའུ་ལ་མཛུབ་རྗེས་ཡོད་མེད་་བརྟག་དཔྱད་བྱས་མེད་པ་མ་ཟད་རྒྱ་མིའི་ཉེན་རྟོག་པས་འདྲི་ཚད་ཉིན་བཞིའི་རིང་ཞུ་སྐབས་གལ་ཏེ་རིན་པོ་ཆེ་མཆོག་གིས་ཁོང་ཚོས་གང་བཤད་ལ་གསན་འཇོག་མ་གནང་ཚེ་ཁོང་གི་བདག་མོ་དང་སྲས་ཀྱང་འཛིན་བཟུང་བཀག་ཉར་ཞུ་རྒྱུའི་སྡིགས་ར་སོགས་བཏང་སྟེ་གང་ལྟར་བཙན་བཤད་སྒོ་ནས་ནག་ཉེས་ངོས་ལེན་བྱེད་བཅུགས་སྐོར་ཡང་བརྗོད་འདུག དཀར་མཛེས་བཙུན་དགོན་ནང་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་བར་བཙུན་མ་རྣམས་ཀྱིས་ངོ་རྒོལ་བྱས་ཏེ་བཙུན་མ་བརྒྱད་ཅུ་ཐམ་པ་འཛིན་བཟུང་བྱས་པའི་ཉིན་གཅིག་གི་རྗེས་སམ་སྔ་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་ཕུར་བུ་རིན་པོ་ཆེ་འཛིན་བཟུང་བཀག་ཉར་ཞུས་ཡོད་པའི་གནས་ཚུལ་འདུག།