མཚོ་སྔོན་ཞིང་ཆེན་ནང་དགེ་འདུན་པ་བརྒྱ་ལྷག་བཙན་ཁྲིད་བྱས་པ།
མཚོ་སྔོན་ཞིང་ཆེན་ནང་དགེ་འདུན་པ་བརྒྱ་ལྷག་ཙམ་སློབ་གསོའི་ཆེད་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན་འདུག
-
2009-03-16 -
-
-
༄༅༎འདི་ལོ་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་ལྔ་ཏེ་ས་གླང་ལོ་གསར་ཚེས་གཅིག་ཉིན་མཚོ་སྔོན་ཞིང་ཆེན་ནང་དགེ་འདུན་གཙོས་པའི་བོད་མི་ཁག་ཅིག་རྒྱ་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་བརྩམས་པའི་གནས་ཚུལ་ཐོག་མ་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་རྒྱང་བསྲིངས་ཞུས་པའི་རྗེས་སུ་ལས་འགུལ་དེ་རིགས་ཁ་ཤས་བྱུང་ཡོད་པ་ཡོངས་གྲགས་ཐོག་བར་ལམ་ལྷུ་རྩ་དགོན་པ་གཙོས་པའི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལས་འགུལ་ནང་མཉམ་བཞུགས་བྱས་ཡོད་པར་བརྟེན་བདུན་ཕྲག་སྔོན་མ་གོང་ཞུས་དགོན་པའི་དགེ་འདུན་པ་བརྒྱ་ལྷག་ཙམ་སློབ་གསོའི་ཆེད་བཙན་ཁྲིད་བྱས་ཡོད་ལུགས་འདི་ཚེས་བཅུ་དྲུག་ཉིན་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་འདུག
བར་ལམ་ནས་བོད་ཀྱི་ས་ཁུལ་སྤྱི་དང་ལྷག་དོན་དུ་མཚོ་སྔོན་ཞིང་ཆེན་ཁུལ་ནང་ས་གནས་ཀྱི་བོད་མི་རྣམས་གྲོང་གསེབ་གཅིག་ལས་གཅིག་ལ་ཡང་འགྲོ་སྡོད་མི་ཆོག་པ་དང་ན་གཞོན་ཚོའི་ལག་འཁྱེར་ཁ་དཔར་ཡང་གཞུང་བཞེས་བཏང་བ་སོགས་དམ་བསྒྲགས་ཧ་ཅང་ཆེན་པོ་ཡོད་ལུགས་གོང་ཞུས་ཚོགས་པས་འགྲེལ་བརྗོད་གནང་འདུག འདི་ལོ་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན་ནས་བོད་མི་ཚོས་སྔ་ལོ་ལྟར་བོད་ཀྱི་ས་ཁུལ་ཚང་མས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་ཉེན་ཁ་མཐོང་ནས་སྔ་ཚུད་ནས་དམག་མི་ཁྲི་ཚོ་མང་པོ་བཀྲམ་པ་མ་ཟད་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་ཆམ་པ་ཡང་བཀག་སྡོམ་བྱས་ཡོད་རེད། རྒྱ་ནག་གཞུང་གིས་བོད་རང་སྐྱོང་མ་གཏོགས་མཚོ་སྔོན་སོགས་ས་ཁུལ་གཞན་པ་ཚོར་གསར་འགོད་པ་དང་ཕྱི་མི་གཏོང་རྒྱུ་བཀའ་སྡོམ་བྱས་མེད་ལུགས་བཤད་མུས་ཀྱང་ཉེ་བའི་དུས་སུ་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་མཚོ་སྔོན་ནང་འབྱོར་སྐབས་ཐེངས་མང་པོ་བཀག་འགོག་བྱས་ཡོད་པ་མ་ཟད་ས་གནས་དེ་དག་ནང་ཕྱི་མི་དངོས་སུ་བཏང་དང་མ་བཏང་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་ས་གནས་ཀྱི་དཔོན་རིགས་ཚོར་ཡོད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག།