མཚོ་སྔོན་ཞིང་ཆེན་དུ་དགེ་འདུན་པ་ཁག་གིས་ངོ་རྒོལ་གནང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཁྲིམས་ཁང་མདུན་དུ་བོད་པའི་དགེ་འདུན་པ་ཁག་ཅིག་གིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་འདུག

༄༅༎ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཁྲིམས་ཁང་མདུན་དུ་བོད་པའི་དགེ་འདུན་པ་ཁག་ཅིག་གིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་གནང་འདུག

དེའང་ད་རེས་རེས་གཟའ་ཕུར་བུའི་ཉིན་འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་ཞིག་འབྱོར་བར་གཞིགས་ན་ད་རསེ་སྤྱི་ཚེས་གཉིས་ཉིན་གྱི་སྔ་དྲོ་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཁྲིམས་ཁང་མདུན་དུ་བོད་པའི་དགེ་འདུན་པ་ལྔ་དྲུག་ཙམ་ཞིག་གིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད་འདུག་ལ་དེའང་སྐབས་དེར་གནས་ཚུལ་དངོས་སུ་གཟིགས་མཁན་མི་སྣ་ཞིག་གིས་ཁྲིམས་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་གནང་མཁན་དགེ་འདུན་པ་ཚོས་སྲིད་གཞུང་གིས་དྲང་བདེན་གྱི་སྒོ་ནས་ཁྲིམས་ལུགས་ལག་བསྟར་བྱེད་དགོས་ཞེས་རྒྱ་ཡིག་ཐོག་བྲིས་པའི་འཕྲེད་དར་ལག་ཏུ་བསྣམས་ཏེ་ངོ་རྒོལ་སྐད་འབོད་གནང་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་འདུག གཞན་ཡང་ངོ་རྒོལ་སྐད་འབོད་གནང་མཁན་གྱི་དགེ་འདུན་པ་དེ་ཚོས་གནས་ཚུལ་ག་རེའི་ཐོག་ནས་ཁྲིམས་ཁང་གི་མདུན་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་དེ་བཞིན་ངོ་རྒོལ་གནང་མཁན་དགེ་འདུན་དེ་དག་དགོན་པ་ག་ནས་ཡིན་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་དུང་གསལ་པོ་ཞིག་ཤེས་ཐུབ་མེད་པར་གནས་ཚུལ་དངོས་སུ་གཟིགསམཁན་དེས་གསུངས་འདུག་ལ་ན་ནིང་སྤྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ཀྱི་ས་གནས་ཁག་མང་པོ་ཞིག་གི་ནང་བོད་མིའི་ངོ་རྒོལ་ལས་འགུལ་ཐོན་རྗེས་རྒྱ་ནག་གཞུང་ནས་ས་གནས་དེ་ཚོའི་ཐོག་དམག་མི་དང་ཉེན་རྟོག་མི་སྣ་འབོར་ཆེན་ཞིག་བཀོད་སྒྲིག་བྱས་ཏེ་དམ་བསྒྲགས་ཤིན་ཏུ་ནན་པོ་ཞིག་བྱེད་བཞིན་ཡོད་རུང་ད་དུང་བོད་ཀྱི་ས་ཁུལ་ཁག་ཅིག་ནང་མུ་མཐུད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྣ་ཚོགས་ཤིག་ཐོན་བཞིན་ཡོད་པ་རེད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org