མདོ་སྨད་ཁུལ་དུ་བོད་རིགས་ལས་བྱེད་ཅིག་འཛིན་བཟུང་བྱས་པ།

བོད་མདོ་སྨད་མང་ར་རྫོང་སུམ་མདོ་ཤང་གི་ལས་བྱེད་པ་ཞིག་རྒྱ་ནག་སྤྱི་བདེ་དམག་མིས་འཇུ་བཟུང་བྱས་ཡོད་འདུག

༄༅༎བོད་མདོ་སྨད་མང་ར་རྫོང་སུམ་མདོ་ཤང་གི་ལས་བྱེད་པ་ཞིག་རྒྱ་ནག་སྤྱི་བདེ་དམག་མིས་འཇུ་བཟུང་བྱས་ཡོད་འདུག

ཉིན་ཤས་སྔོན་མང་ར་རྫོང་བདེ་འཇགས་དམག་མིས་ཆབ་སྲིད་ཀྱི་དོགས་གཞིའི་འོག་མང་ར་རྫོང་ངམ་མངོ་ཛང་སྲིད་གཞུང་གི་གཞུང་ཞབས་བཀྲིས་དོན་གྲུབ་འམ་མིང་གཞན་དུ་དོ་ལ་ཞུ་བ་རང་ལོ་ཉི་ཤུ་རྩ་བདུན་སོན་པའི་བོད་མི་དེ་རང་ཁྱིམ་ནས་འཇུ་བཟུང་བྱས་ཡོད་འདུག ཁོང་འཇུ་བཟུང་བྱེད་པའི་སྐབས་འཇུ་བཟུང་བྱེད་མཁན་རྒྱ་ནག་ཉེན་རྟོག་པས་བཀྲིས་དོན་གྲུབ་ལགས་ཀྱི་གློག་ཀླད་འཕྲུལ་འཁོར་དང་ལག་ཁྱེར་ཁ་པར་སོགས་ཀྱང་བཙན་འཕྲོག་བྱས་ཡོད་པ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ཚེས་བཅུ་དྲུག་ཉིན་གནས་ཚུལ་ཕྱིར་བསྒྲགས་གནང་བཞག

གོང་གསལ་གནས་ཚུལ་དེའི་ནང་འཁོད་པ་ལྟར་ན་བཀྲིས་དོན་གྲུབ་ལགས་ད་ལྟམང་ར་རྫོང་སྤྱི་བདེ་ལས་ཁུངས་ཀྱི་དོ་དམ་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་པ་དང་དེ་དང་འབྲེལ་ཟི་ལིང་ནང་སློབ་སྦྱོང་གནང་བཞིན་པའི་བཀྲིས་དོན་གྲུབ་ལགས་ཀྱི་སྤུན་མཆེད་རང་ལོ་ཉི་ཤུ་རྩ་ལྔར་སླེབས་པ་བྱིན་པ་རྒྱ་མཚོ་ལགས་ཡང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་ཚོད་རྩིས་བྱས་ན་ཁོང་ཡང་འཇུ་བཟུང་བྱས་པར་དོགས་གཞི་བྱེད་བཞིན་ཡོད་འདུག ལི་ཐང་མང་ར་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་བརྒྱ་སྐོར་ཞིག་ནས་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་མར་མེའི་ཁྲོམ་སྐོར་གྱི་རྣམ་པའི་ཐོག་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་བའི་རྐྱེན་གྱིས་རྒྱ་ནག་གཞུང་ཕྱོགས་ནས་མང་ར་རྫོང་ཐོག་ཏུ་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་ནན་པོ་བྱེད་བཞིན་ཡོད་པ་མ་ཟད་ས་གནས་དེའི་ནང་ཡོད་པའི་གནས་འཕྲིན་དྲ་རྒྱ་བེད་སྤྱོད་བྱེད་ས་དང་ལག་ཁྱེར་ཁ་པར་སོགས་ལ་གསང་ཉན་བྱེད་པ།དགེ་འདུན་པ་དང་བོད་རིགས་ལས་བྱེད་མི་སྣ་གསང་བའི་སྒོ་ནས་འཇུ་བཟུང་དང་ས་གནས་གཞན་དུ་བཙན་ཁྲིད་བྱེད་པ་རླངས་འཁོར་རིགས་གང་བྱུང་དུ་རྫོང་ནང་དུ་འགྲོ་བསྐྱོད་མི་ཆོག་པ་སོགས་ཀྱི་བཀག་སྡོམ་བྱེད་བཞིན་ཡོད་པ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བའི་ནང་འཁོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org