ཨོ་སི་ཀྲོ་ལི་ཡའི་གྲོས་ཚོཊ་ལ་རེ་སྐུལ་ལས་འགུལ་དང་སྐད་འབོད།

བོད་ནང་གི་ཆབ་སྲིད་བཙོན་པ་གློད་གྲོལ་ཡོང་ཆེད་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོཊ་ལ་རེ་སྐུལ་དང་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་གནང་བ།

བོད་ཀྱི་ཆབ་སྲིད་བཙོན་པ་གློད་གྲོལ་ཡོང་ཆེད་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོཊ་ལ་རེ་སྐུལ་ལས་འགུལ་སྤེལ་སྐབས། ༢༠༡༥།༡༢།༢ རྭ་ལོ་དོན་ལྡན།/RFA

བོད་ནང་གི་ཆབ་སྲིད་བཙོན་པ་གློད་གྲོལ་ཡོང་ཆེད་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོཊ་ལ་རེ་སྐུལ་དང་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་གནང་བ། དེའི་སྐོར་ཁུལ་དེར་ཡོད་པའི་ང་ཚོའི་གསར་འགོད་པ་རྭ་ལོ་དོན་ལྡན་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

དེ་ཡང་ཕྱི་ལོ་༢༠༡༥ལོའི་ཕྱི་ཟླ་༡༢ཚེས་༢ཉིན། ཨོ་སི་ཀྲོ་ལི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཨོ་སི་ཀྲོ་ལི་ཡའི་བོད་དོན་ལྷན་ཁང་(ATC)གཉིས་ཀྱིས་མཉམ་འབྲེལ་གོ་སྒྲིག་འོག སི་ནེའི་གྲོང་ཁྱེར་དང་ནེའུ་ཁོའ་སོའོ་རྒྱལ་ས་ཁེན་སྦ་ར་བཅས་ཀྱི་བོད་རིགས་མཐུན་ཚོགས་ཀྱི་བོད་མི་བརྒྱ་དང་ལྔ་བཅུ་ལྷག་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་མཉམ་དུ། བོད་ཆས་བཞེས་ཞིང་། ཕྱག་ཏུ་བོད་ཀྱི་རྒྱལ་དར་དང། ཨོ་སི་ཀྲོ་ལི་ཡའི་རྒྱལ་དར། མཚོན་སྣ་ལྔ་ལྡན་གྱི་དར་ལྕོག འགྲོ་བ་མིའི་ཐོབ་ཐང་ནང་དོན་འཁོེད་པའི་འཕྲེད་དར་བཅས་འཁྱེར་ནས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་མདུན་ཐང་དུ། བོད་ནང་རྒྱ་ནག་གཞུང་གི་བཙོན་ཁང་ནང་དཀའ་སྡུག་མྱང་དང་མྱོང་བཞིན་པའིི་བོད་ཀྱི་ཆབ་སྲིད་བཙོན་པ་༢༠༠༠ལྷག་གང་མགྱོགས་རྒྱའི་བཙོན་ཁང་ནས་ཀློད་གྲོལ་ཡོང་བའི་ཆེད་དུ་གྲོལ་ཚོགས་ལ་ཞུ་གཏུགས་དང་། རྒྱ་ནག་གཞུང་འཚབ་མདུན་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་གནང་སོང་།
སྐབས་དེར་སྐུ་མགྲོན་གཙོ་བོར་ཨོ་གླིང་དོན་གཅོད་མཚོ་སྒོ་ལྷག་པ་མཆོག་དང་། གྲོས་ཚོགས་འཐུས་མི་མེའི་ལི་ས་ཕག་ག(Melissa Parka MP) སི་ནི་ཁྲར་ནེག་ཌི་ནེའི་ཕོང་(Nick Xenoph) མའ་ཁོའོ་ཌན་ཕེང་(Michael Danby)བཅས་ཕེབས་ནས་མང་ཚོགས་ལ་བཀའ་སློབ་གནང་བ་དང་། རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་ Micheal Danbyདང་། Melissa Parke, Allan Griffin དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་ Lisa Sing བཅས་ནས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་གནང་འདུག
བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ལུང་རྟོགས་ཀྱི་ལས་འགུལ་སྤེལ་དགོས་དོན་གཙོ་བོ་ནི། ད་ལྟ་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་ལྷག་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱ་ནག་གཞུང་གི་བཙན་འོག་ཏུ་སྡུག་སྦྱོང་མྱངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་སྤྱི་དང། ལྷག་པར་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་སྤེལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ལ་རྗེས་དྲན་ཞུ་བ་དང། འབྲེལ་ཆགས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ། ལྷག་དོན་དེ་རིང་གི་གོ་སྐབས་འདི་བཟུང་ནས་ད་ལྟ་བོད་ནང་རྒྱ་ནག་དམར་པོའི་གཞུང་གི་བཙོན་ཁང་ནང་དཀའ་སྡུག་མྱང་དང་མྱོང་བཞིན་པའིི་བོད་ཀྱི་ཆབ་སྲིད་བཙོན་པ་༢༠༠༠ལྷག་གང་མགྱོགས་རྒྱའི་བཙོན་ཁང་ནས་ཀློད་དཀྲོལ་ཡོང་བའི་ཆེད་དུ་གྲོལ་ཚོགས་ལ་འབོད་སྐུལ་ཞུ་རྒྱུ་ཡིན་པ་སོགས་གསུངས་ཡོད།
བོད་མི་རྣམས་ཀྱིས་གྲོས་ཚོགས་མདུན་བོད་ནང་གི་སྲིད་དོན་གྱི་བཙོན་པ་ཚོའི་གནས་ལུགས་གོ་རྟོགས་སྤེལ་ཆེད། བོད་ནང་གི་སྲིད་དོན་བཙོན་པའི་གྲངས་འབོར་དང་མཉམ་པའི་རླུང་རྟའི་དར་ལྕོག་ཉི་སྟོང་བརྒྱ་དང་བཅུ་བསྒྲེང་བཙུགས་ཀྱི་ལས་འགུལ་ཡོངས་སུ་གྲུབ་པ་དང་། ཡང་མཐུད་རྒྱ་ནག་གཞུང་ཚབ་མདུན་གོམ་བགྲོད་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་དོན་སྐད་འབོད་ཁྲོམ་སྐོར་གནང་ཡོད་པ་རེད།

གསར་འགོད་པ་རྭ་ལོ་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org