བོད་གཞུང་གིས་ལིའུ་ཤའོ་ཕུའུ་བཙོན་འོག་ཡོད་པར་སྐྱོན་བརྗོད།
རྒྱ་ནག་གཞུང་གིས་ནོ་བེལ་ཞི་བདེའི་གཟེངས་བསྟོད་བྱ་དགའ་ཐོབ་མཁན་བཙོན་འོག་བཅུག་པར་བཙན་བྱོལ་བོད་གཞུང་གིས་སྐྱོན་བརྗོད།
-
2010-12-11 -
-
-
༄༅༎རྒྱ་ནག་གཞུང་གིས་ནོ་བེལ་ཞི་བདེའི་གཟེངས་བསྟོད་བྱ་དགའ་ཐོབ་མཁན་བཙོན་འོག་བཅུག་པར་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་ལ་སྐྱོན་འཛུགས་བྱས་ཏེ་ཞི་བདེའི་གཟེངས་བསྟོད་ཀྱི་བྱ་དགའ་འདིའི་རིན་ཐང་ནི་འཛམ་གླིང་མི་མང་གིས་ཤེས་རྟོགས་སུ་ཡོད་པས་རྒྱ་ནག་གཞུང་གིས་མི་རེ་ཟུང་བཙོན་བཅུགས་བྱས་ཏེ་ང་ཚོའི་རྒྱ་ཆེའི་མི་མང་གི་སེམས་ཤུགས་བཀག་འགོག་བྱེད་ཐུབ་ཀྱི་མེད་པའི་སྐོར་གསལ་བཏོན་གནང་ཡོད་ལགས་དེ་བཞིན་ལིའུ་ཤའོ་པོ་ལ་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་བསྟོད་བྱ་དགའ་ཕུལ་བར་དགའ་བསུ་ཞུས་གནང་ཡོད་པ་རེད།
དེ་རིང་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༢༡འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཀྱང་བཞུགས་སྒར་རྡ་རམ་ས་ལར་གྱི་དབུས་པའི་བོད་མི་གནས་འཁོད་ས་ཕྱོགས་གང་སའི་ནང་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་གནང་ཡོད་པ་རེད།
བཙན་བྱོལ་བོད་གཞུང་བཀའ་ཤག་གི་གཏམ་བཤད་ནང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ལྟ་བ་རྟེན་འབྱུང་དང་ སྤྱོད་པ་འཚེ་བ་མེད་པའི་ལམ་ལུགས་ཉམས་སུ་བཞེས་ཏེ་འཇིག་རྟེན་ཁྱོན་ཡོངས་སུ་འཚི་མེད་ཞི་བའི་ལམ་སྟོན་མཛད་མཁན་གྱི་ཞི་བདེའི་དེད་དཔོན་བླ་ན་མེད་པ་ཞིག་ཡིན་པ་མ་ཟད་ བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཀྱི་ལས་འགུལ་མཐའ་དག་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་བསྒྲུབ་རྒྱུའི་ལམ་སྟོན་བསྩལ་གནང་ཡོད་པ་རེད། དེ་བཞིན་༧་གོང་ས་མཆོག་གིས་འཇིག་རྟེན་ཡོངས་ཀྱི་རྙོག་ཟིང་མཐའ་དག་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་བྱེད་དགོས་པའི་ལམ་སྟོན་གནང་བར་བསྔགས་བརྗོད་ཞུས་གནང་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།