རང་ལུས་མེ་བསྲེགས་ཀྱི་ངོ་རྒོལ་སྤེལ་བའི་བརྙན་འཕྲིན་ཐོན་འདུག
སྐུ་ཞབས་བློ་བཟང་དཀོན་མཆོག་ལགས་ཀྱིས་རང་ལུས་མེ་བསྲེགས་བཏང་བའི་སྐབས་ཀྱི་བརྙན་འཕྲིན་པར་ལེན་བྱས་པ་ཞིག་ཐོན་འདུག
-
2011-10-23 -
-
-
༄༅༎ཕྱི་ཟླ་དགུ་པའི་ཚེས་༢༦ ཉིན་བོད་ཀྱི་མདོ་སྨད་རྔ་བ་རྫོང་གི་ཁྲོམ་གཞུང་དུ་ཀིརྟི་དགོན་པའི་སྐུ་ཞབས་བློ་བཟང་དཀོན་མཆོག་ལགས་ཀྱིས་རང་ལུས་མེ་བསྲེགས་བཏང་བའི་སྐབས་ཀྱི་བརྙན་འཕྲིན་པར་ལེན་བྱས་པ་ཞིག་དེ་རིང་རེས་གཟའ་ཉི་མའི་ཉིན་ཕྱིའི་ཕྱོགས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།
སྐུ་ཞབས་བློ་བཟང་དཀོན་མཆོག་ལགས་ནི། ༢༠༠༩ ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༧ ནས་འགོ་བཙུགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་དུ་རང་ལུས་མེ་བསྲེག་བཏང་མཁན་བཅུ་བྱུང་བའི་ནང་ནས་གཅིག་ཡིན་པ་དང༌། ཁོང་རྣམས་ཚང་མ་དགུང་ལོ་སུམ་བཅུ་མ་ཟིན་པའི་ན་གཞོན་ཤ་སྟག་ཡིན་ཞིང༌། དེའི་ནང་ནས་བོད་མི་ལྔ་དྲུག་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་དང༌། དེ་རིང་བརྙན་འཕྲིན་ནང་དུ་ཐོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་འཚོ་གནས་ཡོད་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
བརྙན་འཕྲིན་དེ་ཕྱི་ཕྱོགས་སུ་འགྲེམས་སྤེལ་ཡོང་ཐབས་གནང་མཁན་ངོས་ནས་བརྙན་འཕྲིན་དེ་པར་རྒྱག་མཁན་དང་ཕྱི་ཕྱོགས་སུ་བསྐུན་ཐབས་ཀྱི་རོགས་རམ་བྱེད་མི་རྣམས་རྒྱ་ནག་གཞུང་གིས་ཤེས་རྟོགས་བྱུང་ན་ཁོང་རྣམས་ལ་ཉེས་ཆད་གཏོང་རྒྱུའི་འཇིགས་སྣང་གིས་ཁོང་ཚོ་མིང་འདོན་བྱས་མེད་པ་རེད། ཁོང་ཚོས་བརྙན་འཕྲིན་ནང་དུ་ལུས་པོ་མེ་བསྲེག་གཏོང་བཞིན་པའི་གཞོན་ནུ་དེ་ནི་བློ་བཟང་དཀོན་མཆོག་ཡིན་པ་ར་སྤྲོད་བྱས་ཡོད་པ་དང༌། བརྙན་འཕྲིན་དེ་ལ་སྐར་ཆ་༣༤ ཡོད་ཅིང༌། དེའི་ནང་དུ་བློ་བཟང་དགཀོན་མཆོག་ས་ཐོག་ཏུ་ལུས་ལ་གོས་ཕྱེད་ཀ་ཙམ་ལས་མེད་པ་ཁ་སྦུག་ལོག་ནས་ཡོད་པ་དང༌། རྐང་པའི་ངོས་ཡོངས་རྫོགས་མེས་ཚེགས་ཏེ་ནག་པོར་གྱུར་བ་མ་ཟད། དེ་ནས་མེའི་དུ་བ་ཡང་ཐོན་བཞིན་ཡོད་པ་རེད། ད་དུང་བརྙན་འཕྲིན་དེའི་ནང་དུ་བེུད་ཞིག་གིས་བོད་སྐད་ཐོག་དངངས་སྐྲག་གི་ངུ་འབོད་བྱེད་པའི་སྐད་སྒྲ་ཐོས་རྒྱུ་ཡོད་པ་དང༌། ཉེན་རྟོག་པའི་མོ་ཊ་ཞིག་དང་དྲག་ཆས་དམག་མི་འགའ་ཤས་ཤིག་རང་ལུས་མེ་བསྲེག་གཏོང་བཞིན་པའི་སྐུ་ཞབས་བློ་བཟང་དཀོན་མཆོག་ལགས་ཀྱི་ཉེ་ཁྲིད་དུ་ལངས་ནས་བལྟས་ནས་སྡད་ཡོད་པ་མ་ཟད༌། དེའི་ནང་ནས་རྒྱ་མིའི་དྲག་ཆས་དམག་མི་གཅིག་བརྙན་འཕྲིན་པར་རྒྱབ་སར་ཐད་ཀར་ཡོང་སྟེ། རྒྱ་སྐད་ནང་བརྙན་འཕྲིན་པར་ལེན་བྱེད་ཆོག་གི་མ་རེད་ཟེར་བཤད་པ་མཐོང་རྒྱུ་ཡོད་པ་རེད།
རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ཐོག་ཕྱི་ཟླ་དགུ་པའི་ཚེས་༢༦ རྔ་བ་རྫོང་གི་ཁྲོམ་གཞུང་དུ་རང་ལུས་མེ་བསྲེག་བཏང་གནང་མཁན་བློ་བཟང་དཀོན་མཆོག་དང་ཁོང་གི་ཕྱག་རོགས་བློ་བཟང་སྐལ་བཟང་གཉིས་སྐབས་དེར་རྒྱ་མིའི་ཉེན་རྟོག་པས་ལུས་ཐོག་གི་མེ་བསད་པ་དང་ཉེན་སྐྱོབ་ཐུབ་ཏེ་ཁོང་གཉིས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཇེ་སྡུག་ཕྱིན་མེད་པའི་གནས་ཚུལ་ངོས་ལེན་བྱས་ཡོད་ཅིང། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བོད་མི་ཚོས་རང་ལུས་མེ་བསྲེག་གཏོང་བ་དེར་སྐྱོན་བརྗོད་བྱེད་པ་མ་ཟད། དེ་ཚོ་ནི་ཏླ་ལའི་བླ་མར་རྒྱབ་སྐྱོར་བྱེད་མཁན་ཚོའི་སྐུལ་སློང་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱེད་པ་ཡོད་པ་རེད། འོན་ཀྱང་རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས།རྒྱ་ནག་གིས་ཤོད་བཞིན་པའི་ཉེས་འཛུགས་དེ་བདེན་པ་མིན་པ་དང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རྟག་ཏུ་འཚེ་མེད་ཞི་བའི་ཐབས་ལམ་དགོངས་པ་བཞེས་མཁན་ཞིག་དང༌། རང་ལུས་མེ་བསྲེག་བཏང་བ་འཚེ་བ་ཡིན་པ་ངོས་འཛིན་གནང་ཡོད་པ། བོད་ནང་དུ་བོད་མི་ཚོས་རང་ལུས་མེ་བསྲེག་གཏོང་བའི་གནས་སྟངས་དེ་དག་ནི་བོད་ནང་གི་ཡ་ང་བའི་གནས་སྟངས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཁྱེན་རྟོགས་ཡོང་ཐབས་དང་བོད་ནང་རྒྱ་ནག་ནང་གཞུང་གིས་དམ་བསྒྲགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་ཡོང་ཐབས་ཆེད་དུ་འབད་བརྩོན་བྱས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།།